གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༡
བོད་ཀྱི་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་བྱུང་རིམ་ཧྲོབ་བསྡུས་ཙམ་ཞིག་གཤམ་གསལ། དང་པོ་བོད་ཀྱི་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོའི་སྐོར་གླེང་བ། དེ་ཡང༌། བོད་ཀྱི་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོ་ནི། ཡབ་གཉའ་ཁྲི་བཙན་པོ་དང༌། ཡུམ་གནམ་མུག་མུག་གཉིས་ཀྱི་སྲས་སུ་འཁྲུངས་པར་གསལ་ཏེ། ཏུན་ཧོང་ཡིག་ཆར། ང་ཅ་ ༡༢༨༦ ལྡེ་ཉག་ཁྲི་བཙན་པོ་དང༌། གནམ་མུག་མུག་བཤོས་པ་འྀ་སྲས། མུ་ཁྲི་བཙན་པོ། ཞེས་གསལ། རྒྱལ་པོ་འདི་ནི་གནམ་གྱི་ཁྲི་བདུན་གྱི་ནང་གིའང་གཉིས་པ་དེ་ཡིན་པ་རེད། འདི་ན་མུ་ཁྲི་བཙན་པོ་དང༌། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ་ལ་སོགས་པའི་མཚན་འདི་འདྲ་འགའ་ཞིག་ནི་འདོད་རྒྱལ་གྱི་མིང་ཙམ་མ་ཡིན་པར་སྐབས་དེར་སྤྱི་ཚོགས་ཀྱི་ཁྱད་ཆོས་སམ་གནས་སྟངས་མཚོན་ཐུབ་པའི་མིང་ཞིག་ཡིན་པར་བཤད་ཡོད། དཔེར་ན་ལ་ལས། སོ་ཁྲི་བཙན་པོ་དང༌། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་གསུམ་ནི་ཡུམ་གྱི་མཚན་ལས་ཡི་གེ་ཐོག་མ་དེ་བླངས་པ་དང༌།
མེར་ཁྲི་བཙན་པོ་ནི་ཡུམ་གྱི་མཚན་ལས་ཡི་གེ་གཉིས་པ་དེ་བླངས་པ་ཞིག་རེད་ཅེས་དང༌། བཙན་པོའི་མཚན་འདོགས་སྟངས་དེ་དག་ལ་དཔྱད་ན། བརྗོད་ཟིན་ལྟར་སྤྱི་ཚོགས་ཇི་ལྟར་འཕོ་འགྱུར་སོང་བའི་གོ་རིམ་གྱི་གནས་ལུགས་ཤིག་མཚོན་ཐུབ་ཀྱི་ཡོད་ཚུལ་བསམས་ཡོད་ལ། གོང་བརྗོད་རྒྱལ་པོ་དེ་དག་གི་མཚན་འདོགས་སྟངས་ལ་བལྟས་ན། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉིད་འཕེལ་འགྲིབ་སྣ་ཚོགས་ཤིག་སོང་བའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ། མ་རྒྱུད་ཚོ་ཁག་ཤུགས་ཆེན་དར་བའི་དུས་རིམ་ཞིག་བརྒྱུད་མྱོང་ཡོད་པའི་གནས་ལུགས་གསལ་བཤད་བྱེད་ཐུབ་ཀྱི་ཡོད་པའི་བསྡོམས་ཚིགས་སུའང་བཀོད་ཡོད་པ་རེད། རྒྱལ་པོ་དེ་དག་གི་མཚན་འདོགས་སྟངས་ལ་གཞིགས་ཏེ། དེའི་དུས་སུ་ཁྱིམ་གྱི་ལས་ཀ་རྣམས་གཙོ་བོ་བུད་མེད་ལ་བརྟེན་དགོས་པས་བུད་མེད་ཀྱི་དབང་ཆ་ཆེ་བ་དང༌། ཁྱིམ་ཚང་ནང་བུད་མེད་ཀྱིས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་མ་ཚད། སྤྱི་ཚོགས་ཐོག་ཏུའང་བུད་མེད་ཀྱི་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པའི་གོང་བརྗོད་བཙན་པོ་དེ་དག་གི་སོ་སོའི་མ་ཡུམ་གྱི་མཚན་ལས་བླངས་པའི་རྒྱལ་པོ་རང་ཉིད་ཀྱི་མཚན་ཟུར་དེ་དག་ལས་ཤེས་ནུས་པའི་གནས་ལུགས་སུ་བགྲངས་ཤིང༌། མ་མཐའ་ཡང་སྐབས་དེ་ན་མ་རྒྱུད་ཚོ་ཁག་གི་ལྷག་འཕྲོ་བསྡད་ཡོད་པ་གསལ་བཤད་བྱེད་ཐུབ་ལུགས་སུ་དཔག་ཡོད།
དུང་དཀར་རིན་པོ་ཆེས། མུ་ཁྲི་ནི་བོད་དུ་གཡུང་དྲུང་གི་བོན་དར་རྒྱས་མཛད་མཁན་གཙོ་བོ་ཞིག་ཡིན་ཞིང༌། བོན་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཆེན་པོ་བྱེད། ཅེས་གསལ་བ་ལྟར། སྨན་རི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཀྱང༌། སྲས་མུ་ཁྲི་བཙན་པོས་བསླབ་པའི་དོན་གོ། བསྒྲུབས་པས་དོན་གྲུབ། བསྒོམས་པས་དོན་རྟོགས་ནས། སྟག་གཟིག་ལ་སོགས་པ་འཛམ་བུ་གླིང་གི་ལོ་ཙཱ་བས་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩལ་བཙུགས། ཞེས་བྱམས་མ་ལས་བཤད་ཚུལ་གསུངས། ཡང་རྒྱལ་པོ་འདི་གསང་བདག་གྲུབ་པོ་ཐོག་པའི་རིག་འཛིན་གཡུང་དྲུང་བོན་གྱི་མངའ་བདག་ཡིན་ཏེ། བྱམས་མ་སྐྱོན་སྐྱོབ་ལས། རྒྱལ་པོ་མུ་ཁྲི་བཙན་པོ་ཞེས་བྱ་བ། གསང་སྔགས་གསང་བའི་ཐིག་ལེ་ལ་མངོན་པར་བཞེས་ནས། གྲུབ་པ་བརྙེས་པའི་རྟགས་དུ་མ་དང་ལྡན་པ། ཞེས་དང༌། དེའི་ཚེ་རྒྱལ་པོ་མུ་ཁྲི་བཙན་པོ་དེས། ལྷ་ལ་བཀའ་དྲིན་ལན་དུ་གསོལ་བ་ནི། །སངས་རྒྱས་སེམས་ཅན་དོན་ལ་ཀུན་དགོངས་ཀྱང༌། །བྱམས་མགོན་མ་བཞིན་བརྩེ་བ་ཉིད་ཀྱི་སྐུ། །ཞེས་སོགས་ཀྱི་བསྟོད་པ་ཕུལ་བའི་ཚིགས་བཅད་བརྩམས། ཞང་ཞུང་ཡུལ་ནས་མཁས་པ་ཆེན་པོ་བརྒྱ་རྩ་གདན་དྲངས་པའི་ཐོག་མར་བོད་དུ་ཕེབས་མཁན་གཤེན་ནམ་མཁའི་སྣང་བ་མདོག་ཅན་ཡིན་ཏེ། ཁྲོམ་འགྲེལ་ལས། བླ་མ་འདི་ཡི་ཡབ་དམུ་རྒྱལ་གསལ་བ་རྗེ་ཡི་སྲས་སུ་བཤད་ཅིང༌། མཚན་ཡང་བོན་ནམ་མཁའ་དང་མཉམ་པ་ཐུགས་ལ་སྣང་བར་བཤད་ཅིང༌། རྣམ་དག་ནས་ཞལ་མདོག་གཡུ་ཡི་མཚན་ཅན་ཟེར་བ། རྒྱུད་དབང་དང་ཡང་མཐུན་ནོ། །ཞེས་དང༌། མུ་ཁྲིས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་པའི། ཐོག་མར་འདི་བོད་ཡུལ་དུ་ཕེབས་པར་གྲགས་སོ། །ཞེས་དང༌། རྒྱལ་པོ་མུ་ཁྲི་ཁབ་ཏུ་ས་སྨན་ཏིང་ཏིང་བ་བཞེས། སྐུ་གཤེན་ཅོའུ་ལན་ཚས་མཛད། ཅོའུ་ཕྱག་དཀར་ཟེར་བའང་འདུག གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞེས་དང༌། རྒྱལ་པོ་འདི་བོད་ཡུལ་དུ་གཡུང་དྲུང་གི་བོན་དར་རྒྱས་སུ་བྱེད་པའི་གཙོ་བོ་ཡིན་ལ། རྒྱལ་པོ་འདི་བོད་ཡུལ་དུ་གཡུང་དྲུང་བོན་གྱི་མངའ་བདག་ལྟ་བུ་ཡིན་ཏེ། མདོ་སྔགས་སེམས་གསུམ་གྱི་བརྒྱུད་རིམ་ཕལ་ཆེར་རྒྱལ་པོ་འདི་ལ་མ་ཐུག་པ་མེད་པ་ལྟ་བུ་ཞིག་རེད། རྒྱལ་པོ་འདིའི་རིང་ལ་བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་ཀྱི་བསྡུས་པའི་པོ་ཏི་དུ་མ་བྲི་བཀོད་མཛད་འདུག་པ་རྣམས་བོད་ཡིག་མ་གཏོགས་ཞང་ཡིག་ཡིན་པའི་བཟོ་མི་འདུག་སྟེ། བདལ་འབུམ་ལས། ཡུལ་བྱེ་མ་གཡུང་དྲུང་དུ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། བོད་ཤ་རིང་དབུ་ཆེན་ལ། བོན་ཁྲི་སྡེ་བཤད་ཅིང་བསྒྱུར། ཞེས་དང༌། དར་རྒྱས་གསལ་སྒྲོན་ལས། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་འདི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ། ཞེས་དང༌། མུ་ཁྲིའི་སློབ་བརྒྱུད་མོན་བོན་ཧ་ར་ཅི་པར་ལ་སྔགས་ཀྱི་གླེགས་བམ་བབས་པ་དང༌། དར་རྒྱས་གསལ་སྒྲོན་ལས། ལྟ་བ་བླ་ན་མེད་པའི་བོན་དང༌། ཐེག་པ་བླ་ན་མེད་པའི་བོན་དང༌། སྤྱོད་པ་བླ་ན་མེད་པའི་བོན་དང༌། འབྲས་བུ་བླ་ན་མེད་པའི་བོན་དང༌། དོན་དམ་བླ་ན་མེད་པའི་བོན་རྣམས་དང༌། ཞེས་གསུངས། རྒྱལ་པོ་འདིའི་རིང་དུ་བོན་སྡེ་འདི་རྣམས་བོད་དུ་དར་རྒྱས་སུ་འཕེལ་བ་ཡིན་ཏེ། རྒྱལ་པོ་འདི་ཉིད་བོན་སྡེ་འདི་རྣམས་ཀྱི་བརྒྱུད་རིམ་དུ་འཁོད་པ་ཞིག་ཡིན་པས། ཐུགས་དམ་དུ་བཞེངས་པའི་བོན་ཤ་སྟག་གོ། །དཔེར་ན་དབལ་གསས་ཞི་ཁྲོ། ལྷ་རྒོད་གཙོ་མཆོག་ཞི་ཁྲི། མ་རྒྱུད་སོགས་བོན་སྡེ་མཐའ་ཡས་པའི་བརྒྱུད་རིམ་དུ་མུ་ཁྲི་བཙན་པོ་བྱུང་བ་ནི་མཐོང་རྒྱུན་ལྟར་རོ། །ཞེས་འཁོད་འདུག
བསམ་རྒྱུ་ཞིག་ལ། མུ་ཁྲིའི་དུས་སུ་བོན་དར་ཁྱབ་ཆེན་པོ་བྱུང་ཡོད་སྲིད་ཀྱང༌། དེང་དུས་ཀྱི་བཤད་སྟངས་ལྟར། བྱམས་སྙིང་རྗེ་དང༌། ལས་རྒྱུ་འབྲས། ཚེ་འདི་ཕྱི། ལྟ་སྒོམ་སྤྱོད་གསུམ་བཅས་བཤད་པའི་གཡུང་དྲུང་བོན་དར་རྒྱས་མཛད་མཁན་ཞིག་ཡིན་པར་མི་བསམ་ལ། གལ་ཏེ་གནའ་རབས་ཀྱི་བོན་དར་རྒྱས་འདྲ་མཛད་ཡོད་ན་གཡུང་དྲུང་བོན་གྱིས་བཀུར་སྟི་ཤུགས་ཆེན་བྱེད་དགོས་པའི་གནས་སྟངས་དེ་ལས་ཀྱང་མི་མཐོང་ངོ༌། །
ས་རཱ་མཐོ་སློབ། ངག་དབང་བྱམས་པས།