གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༢
གཉིས་པ། བོད་ཀྱི་རྒྱལ་རབས་ལ་གནམ་གྱི་ཁྲི་བདུན་ལས་གསུམ་པ་དིང་ཁྲི་བཙན་པོ་དང༌། བཞི་པ་སོ་ཁྲི་བཙན་པོ། ལྔ་པ་མེར་ཁྲི་བཙན་པོ། དྲུག་པ་གདགས་ཁྲི་བཙན་པོ། བདུན་པ་སྲིབ་ཁྲིད་བཙན་པོ་བཅས་ཀྱི་སྐོར་ཞིག་གླེང་བ།
གནམ་གྱི་ཁྲི་བདུན་གྱི་སྐོར་ལ། ལྡེའུ་ཆོས་འབྱུང་རྒྱས་པ་ལས། རྗེ་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གི་སྲས་མོ་བཤོས་པའི་སྲས་མུག་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་མོ་བཤོས་པའི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་མོ་བཤོས་པའི་སྲས་སོ་ཁྲི་བཙན་པོ། དེ་དང་འདར་ཡེད་ཡེད་ཀྱི་སྲས་མོ་བཤོས་པའི་སྲས་འདར་མེར་ཁྲི་བཙན་པོ།ཁྲི་བཙན་པོ། དེ་དང་གདགས་ཀྱི་ལྷ་མོ་བཤོས་པའི་སྲས་གདགས་ཁྲི་བཙན་པོ། དེ་དང་སྲིབས་ཀྱི་ལྷ་མོ་བཤོས་པའི་སྲས་སྲིབས་ཁྲི་བཙན་པོ། ཞེས་གསལ་བ་དང༌། ལྷོ་བྲག་ཆོས་འབྱུང་ནང་ལའང༌། གནམ་མུག་མུག་ལས་སྐྱེས་པས་མུག་ཁྲི་བཙན་པོ། དེ་བཞིན་དུ་ས་དིང་དིང༌། སོ་ཐམ་ཐམ། དོག་མེར་མེར། གདགས་ལྷ་དཀར་མོ། སྲིབས་ལྷ་སྔོན་མོ་རྣམས་ཡུམ་ཡིན་པས་སོ་སོའི་མཚན་བཏགས་ཞེས་ཀྱང་གྲག་གོ།

།ཞེས་འབྱུང་ཞིང༌། དེབ་ཐེར་སྔོན་པོ་ལས། དང་པོ་ཁྲི་བཙན་པོ་འོད་ལྡེ། དེ་ནས་མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ། དེ་དག་ནི་གནམ་གྱི་ཁྲི་བདུན་ནོ། །ཞེས་ཡིག་ཆ་གྲགས་ཆེ་བ་དེ་དག་གི་ནང་དུ་གནམ་གྱི་ཁྲུ་བདུན་བྱུང་རིམ་གྲངས་འདྲེན་དང་བཅས་པ་ཕལ་ཆེར་གཅིག་མཚུངས་སུ་གནས་ཡོད། འོན་ཀྱང༌། གཤམ་གསལ་ལྟར། ཏུན་ཧོང་ཡིག་ཆའི་ནང་དུ་ཅུང་ཟད་མི་འདྲ་བར་སྣང༌།
དེ་ཡང༌། བོད་ཀྱི་རྒྱལ་རབས་གསུམ་པ་དིང་ཁྲི་བཙན་པོ་ནི། ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཏེ། ཏུན་ཧོང་ཡིག་ཆར། ང་ཅ་ ༡༢༨༦ མུག་ཁྲི་བཙན་པོ་དང་ས་དྀང་དིང་དུ་བཤོས་པ་འྀ་སྲས། དྀང་ཁྲི་བཙན་པོ། ཞེས་གསལ་བ་དང༌། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ལས། མུ་ཁྲི་བཙན་པོ་དང་ས་དིང་དིང་གི་སྲས་མོ་བཤོས་པའི་སྲས་དིང་ཁྲི་བཙན་པོ། ཞེས་གསལ་བ་ལྟར་རོ། །རྒྱལ་པོ་འདི་ནི་གནམ་གྱི་ཁྲི་བདུན་གྱི་ནང་གིའང་གསུམ་པ་དེ་ཡིན་པ་རེད། ༈ བོད་ཀྱི་རྒྱལ་རབས་བཞི་པ་སོ་ཁྲི་བཙན་པོ་ནི། ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཏེ། ཏུན་ཧོང་ཡིག་ཆར། ང་ཅ་ ༡༢༨༦ དིང་ཁྲི་བཙན་པོ་དང༌། སོ་ཐམ་ཐམ་དུ་བཤོས་པ་འྀ་སྲས། སོ་ཁྲི་བཙན་པོ། ཞེས་གསལ་བ་དང༌། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ལས། དིང་ཁྲི་བཙན་པོ་དང་སོ་ཐམ་ཐམ་གྱི་སྲས་མོ་བཤོས་པའི་སྲས་སོ་ཁྲི་བཙན་པོ། ཞེས་གསལ་བ་ལྟར་རོ། །རྒྱལ་པོ་འདི་ནི་གནམ་གྱི་ཁྲི་བདུན་གྱི་ནང་གིའང་བཞི་པ་དེ་ཡིན་པ་རེད། ༈ བོད་ཀྱི་རྒྱལ་རབས་ལྔ་པ་མེར་ཁྲི་བཙན་པོ་ནི། ཡབ་སོ་ཁྲི་བཙན་པོ་དང་ཡུམ་འདར་ཡེད་ཡེད་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཏེ། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ལས། སོ་ཁྲི་བཙན་པོ་དང་འདར་ཡེད་ཡེད་ཀྱི་སྲས་མོ་བཤོས་པའི་སྲས་འདར་ཁྲི་མེར་ཁྲི་བཙན་པོ།བཙན་པོ། ཞེས་གསལ་བ་ལྟར་རོ། །རྒྱལ་པོ་འདི་ནི་གནམ་གྱི་ཁྲི་བདུན་གྱི་ནང་གིའང་ལྔ་པ་དེ་ཡིན་པ་རེད། ༈ བོད་ཀྱི་རྒྱལ་རབས་དྲུག་པ་གདགས་ཁྲི་བཙན་པོ་ནི། ཡབ་མེར་ཁྲིར་བཙན་པོ་དང་ཡུམ་གདགས་ཀྱི་ལྷ་མོ་བཤོས་པའི་སྲས་སུ་འཁྲུངས་པ་ཡིན་ཏེ། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ལས། འདར་ཁྲི་བཙན་པོ་དང་གདགས་ཀྱི་ལྷ་མོ་བཤོས་པའི་སྲས་གདགས་ཁྲི་བཙན་པོ། ཞེས་གསལ་ལོ། །རྒྱལ་པོ་འདི་ནི་གནམ་གྱི་ཁྲི་བདུན་གྱི་ནང་གིའང་དྲུག་པ་དེ་ཡིན་པ་རེད། བོད་ཀྱི་རྒྱལ་རབས་བདུན་པ་ནི། ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཏེ། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ལས། གདགས་ཁྲི་བཙན་པོ་དང་སྲིབས་ཀྱི་ལྷ་མོ་བཤོས་པའི་སྲས་སྲིབས་ཁྲི་བཙན་པོ་ཞེས་གསལ་བ་ལྟར་རོ།།
དེ་ཡང༌། གནམ་གྱི་ཁྲི་བདུན་གྱི་ལྔ་པ་དང་དྲུག་པ་གཉིས་ཀྱི་མིང་ལ། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་དང༌། ལྷོ་བྲག་ཆོས་འབྱུང༌། དེབ་ཐེར་སྔོན་པོ་བཅས་རྒྱལ་རབས་ལོ་རྒྱུས་གཞན་དག་མང་པོ་ཞིག་དང༌། ཏུན་ཧོང་ཡིག་ཆའི་ནང་དུ་དོན་པའི་བཙན་པོའི་མཚན་འབོད་སྟངས་བཅས་ལ་མི་འདྲ་བར་གྱུར་འདུག དཔེར་ན། ཏུན་ཧོང་ཡིག་ཆའི་ནང་དུ། རྒྱལ་རབས་ལྔ་པ་ལ་དེ་ཁྲི་བཙན་པོ་ཞེས་འཁོད་ཅིང༌། ཁོང་གི་ཡབ་ནི་སོ་ཁྲི་བཙན་པོ་ཡིན་པ་དང༌། རྒྱལ་རབ་དྲུག་པ་ལ་ཁྲི་སྤེ་བཙན་པོ་ཞེས་འཁོད་ལ། ཁོང་གི་ཡབ་ལ་དེ་ཁྲི་བཙན་པོ་ཡིན་པར་གསལ་ཡོད། ཏུན་ཧོང་ཡིག་ཆ་མིན་པའི་ཡོངས་གྲགས་ཀྱི་ཡིག་ཆ་གཞན་པའི་ནང་དུ་གོང་བརྗོད་རྒྱལ་རབས་ལྔ་པ་ལ་མེར་ཁྲི་བཙན་པོ་དང༌། དྲུག་པ་ལ་གདགས་ཁྲི་བཙན་པོ། བདུན་པ་ལ་སྲིབ་ཁྲི་བཙན་པོ་ཞེས་བརྗོད་ཀྱི་ཡོད། གཞན་ཡང༌། ཏུན་ཧོང་ཡིག་ཆའི་ནང་དུ་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་བཙན་པོ་གཅིག་གི་མཚན་མི་གསལ་ཞིང༌། ཡོངས་གྲགས་སུ་བོད་ཀྱི་རྒྱལ་རབས་ཞེ་གཉིས་ཡོད་པར། ཏུན་ཧོང་ཡིག་ཆར་ཁྱོན་སྡོམ་བོད་ཀྱི་རྒྱལ་རབས་ཞེ་གཅིག་ལས་མི་ཐོན།
བཙན་པོ་དེ་དག་ལ་གནམ་གྱི་ཁྲི་བདུན་ཞེས་བརྗོད་དོན། རྒྱལ་རབས་བདུན་གྱི་བར་དུ་སྐུ་པུར་མེ་སྲེག་བཏང་སྟེ་དུ་བ་གནམ་ལ་ཡལ་སོང་བས་གནམ་ཞེས་པ་དང༌། བཙན་པོ་བདུན་བར་དུ་མིང་ཟུར་ན་ཁྲི་ཞེས་བྱུང་བས་གནམ་གྱི་ཁྲི་བདུན་ཞེས་ཕྱིས་སུ་བཏགས་པར་བསམ་སྟེ། དུང་དཀར་ཚིག་མཛོད་ལས། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རིམ་བཞིན་རྒྱལ་པོ་གནམ་གྱི་ཁྲི་བདུན་བྱུང་བའི་མིང་ནི། མུ་ཁྲི། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབས་ཁྲི་བཅས་བྱུང་བ་རང་རང་སོ་སོའི་སྐྱེས་པའི་ཡུམ་གྱི་མིང་ནས་གྲས་ཏེ་མཚོན་གསོལ་ཞེས་བཤད་སྲོལ་ཡོད། ཅེས་གསལ་ལོ། །བཤད་ཚུལ་གཞན་ལ། བོན་གྱི་ཆོས་ལུགས་ལྟར་བཙན་པོ་དེ་དག་གཤེགས་རྗེས་སྤྱི་གཙུག་ཏུ་ཡོད་པའི་རྨུ་ཐག་ཞེས་པར་འཇུས་ནས་ནམ་མཁར་གཤེགས་ཏེ་འཇའ་ཚོན་ལྟར་ཡལ་ནས་འགྲོ་བ་ལས། རྒྱལ་རབས་བདུན་བར་རྒྱལ་པོ་གྲོངས་བའི་རོ་མེད་པའི་དབང་གིས་གནམ་གྱི་ཁྲི་བདུན་ཟེར་རོ་ཞེས་བརྗོད། དེ་ནི་སྐབས་དེ་དུས་སྤྱི་ཚོགས་ཀྱི་གོམས་གཤིས་ལ་བསྟུན་ཏེ་ཆབ་སྲིད་ལྷིང་འཇག་ཡུན་གནས་ཡོང་བའི་ཆབ་སྲིད་ཀྱི་ཐབས་ལམ་ཁྱད་པར་བ་ཞིག་བེད་སྤྱད་པ་ལས། དོན་ལ་བཙན་པོ་རྣམས་རྨུ་ཐག་ལ་འཇུས་ཏེ་ལྷ་ཡུལ་དུ་སོང་བའི་དོན་མིན་ལ། བཙན་པོ་ལྷ་ཡུལ་དུ་སོང་ནས་པུར་མེད་པ་ཆགས་སོང་བའི་གནས་ལུགས་ནི་དེ་བས་ཀྱང་མིན་པ་ཤེས་དགོས་སོ།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།