བདག་ལ་ཐོག་མ་ཡོད་མེད་སྐོར།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༡
བདག་ལ་ཐོག་མ་ཡོད་དམ་ཞེས་པའི་དྲི་བ་དེའི་ལན་ལ། བདག་ལ་ཐོག་མ་མེད་ན་མ་བདེ་བ་ཞིག་དང༌། འཇིག་རྟེན་ཡོངས་རྫོགས་ལ་ཆ་བཞག་ནའང་ཐོག་མ་ཡོད་རེད། རིམ་བཞིན་འགྱུར་འགྲོ་ཡི་ཡོད་རེད། སྐྱེ་ཞིང་འཇིག་པའི་བདག་ཉིད་རེད། དེ་འདྲ་ཡིན་དུས་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་ཞིག་བློ་ལ་ཤར་གྱི་འདུག་གཱ དེར་བརྟེན་བདག་དེའི་ཐོག་མ་ཡོད་དགོས་ཀྱི་རེད་ཅེས་བློ་ལ་འཆར་ས་རེད་འདུག་གཱ ང་རང་ཚོའི་བློ་ལ་ཕྱི་ནང་གི་དངོས་པོ་གང་ཡིན་ཡང་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་དང༌། བདག་ལ་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་ལྟ་བུ་དེ་འདྲ་ཞིག་ལ་གཞིར་བཞག་བྱས་ནས། ང་ལ་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་ལྟ་བུ་རེད།
དེའི་ཐོག་ནས་ང་ཡི་ཐོག་མ་དེ་བསམ་བློ་གཏོང་དུས་འཇིག་རྟེན་རྒྱང་འཕེན་པས་ཐོག་མ་ཡོད་མ་རེད། སྣོད་བཅུད་ཐམས་ཅད་རྐྱེན་ཞིག་ལ་བརྟེན་ནས་ག་ལེར་ག་ལེར་གྲུབ་བསྡད་པ་ཞིག་མ་གཏོགས། ཐོག་མ་ཞེས་པ་ཡོད་མ་རེད། རང་བཞིན་གྱིས་བྱུང་བ་ཞིག་རེད། བདག་ཞེས་པ་དེའང་ང་རང་ཚོའི་ཕ་མའི་ཁུ་ཁྲག་འདུས་པ་དེ་འདྲ་ཞིག་གི་ཐོག་ནས་བདག་ཟེར་བ་ཞིག་ཆགས་ཀྱི་རེད་མ་གཏོགས་དེ་ལ་ཐོག་མ་ཡོད་མ་རེད། སྐད་ཅིག་གི་རྒྱུ་སྔ་མ་ལ་བརྟེན་ནས་བྱུང་བ་ཞིག་མ་རེད། རྐྱེན་ཞིག་ལ་བརྟེན་ནས་ག་ལེར་སྟེས་དབང་གིས་བྱུང་བ་རེད་མ་གཏོགས་གཞན་ཡོད་མ་རེད་ཅེས་པ་དེ་རྒྱང་འཕེན་པའི་ལྟ་བ་རེད། རྒྱུ་མེད་པར་སྨྲ་བ། རྒྱང་འཕེན་པ་ནི་རྒྱ་གར་གྱི་ལྟ་གྲུབ་སྔ་ཤོས་ཀྱི་གྲས་ཤིག་རེད། སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་ཙམ་མ་ཡིན་པར། སྐྱེ་བ་སྔ་ཕྱི་མེད་པ་སྒྲུབ་བྱེད་བཀོད་པ་དང་རྒྱུ་མཚན་བསམ་བློ་བཏང་ནས། གང་འཚམས་ཀྱིས་དཔྱད་པ་བྱས་ནས་རྒྱུ་བཞག་ན་ཐལ་འགྲོ་ཡི་འདུག བདེ་པོ་ཡོད་མ་རེད། རྒྱུ་རྐྱེན་ཡོད་མ་རེད། རང་བཞིན་གྱིས་བྱུང་བསྡད་པ་ཞིག་རེད་ཅེས་ཤོད་ཀྱི་ཡོད་རེད། དེ་རྒྱང་འཕེན་པའི་འདོད་ཚུལ་རེད།
ཡང་གྲངས་ཅན་པ་ལྟ་བུར་ཆ་བཞག་ན་ཕྱི་དང་ནང་གི་དངོས་པོ་ཚང་མ་ལ་འཆར་གཞི་དང་གོ་རིམ་འདྲ་པོ་ཞིག་འདུག་གཱ དེ་འདྲ་ཡིན་དུས་སྐྱེད་བྱེད་ཀྱི་རྒྱུ་ཞིག་ཡོད་དགོས་ཀྱི་རེད། སྐྱེད་བྱེད་ཀྱི་རྒྱུ་དེ་འཇིག་རྟེན་ཆགས་འཇིག་ཚང་མ་དེའི་ཐོག་ནས་ཡོང་གི་ཡོད་དུས་སྐྱེ་འཇིག་མི་བྱེད་མཁན་སྤྱི་གཙོ་བོ་ཞེས་པ་ཞིག་བཤད་ཀྱི་ཡོད་རེད། འཁོར་འདས་ཚང་མ་འཆར་ཞིང་ནུབ་སའི་སྤྱི་གཙོ་བོ་ཞེས་པ་ཞིག་བཤད་ཀྱི་ཡོད་རེད། དེ་ནས་ཡོང་གི་རེད་ཅེས་པ་རེད། གཙོ་བོས་རྣམ་འགྱུར་དེ་དག་སྤྲོས་ནས་ཡོང་གི་རེད། བདག་དེས་རྣམ་འགྱུར་དེ་དོན་གྱི་ཡིན་ལུགས་མ་ཤེས་པར་རྨོངས་ནས་རྣམ་འགྱུར་དེ་དག་བདེན་པ་རུ་འཛིན་གྱི་ཡོད་རེད་ཅེས་གྲངས་ཅན་པའི་འདོད་ཚུལ་དེ་ལྟ་བུ་ཞིག་ཡོད་རེད།
ད་ལྟ་ངས་འདིར་བཤད་དགོས་པ་དེ། སྤྱིར་བཏང་རྣམ་འགྱུར་དེ་དག་སྤྱི་གཙོ་བོས་བྱས་པ་དང༌། བདག་ཐོག་མ་མེད་པ་ནས་ཡོད་བསྡད་པ་ཞིག་མིན་འགྲོ། གང་ལྟར་རྟག་གཅིག་རང་དབང་བ་ཆགས་བསྡད་ཡོད་རེད། དེ་དག་རྒྱ་གར་ནང་གི་གྲུབ་མཐའ་རེད། སྤྱི་ཡོངས་ཀྱི་ཆ་ནས་བདག་ཐོག་མ་ཡོད་མ་རེད་ཅེས་པ་དེ་ནང་པ་དང་འདྲ་པོ་རེད། འོན་ཀྱང་བདག་འགྱུར་བ་འགྲོ་སྟངས་དང༌། ཕུང་པོ་ལ་བརྟེན་ནས་བཏགས་ཙམ་ཞེས་པ་དེས་ཁྱད་པར་ཆེན་པོ་ཕྱིན་པ་རེད། གང་ལྟར་བདག་དེ་ཐོག་མ་དང་མཐའ་མ་མེད་པ། རྟག་པ་གཅིག་པུ་འགྱུར་བ་མེད་པ་ཞེས་བཤད་ཀྱི་ཡོད་རེད། རྒྱ་གར་ནང་གི་གྲུབ་མཐའ་རིགས་གཅིག་གིས་བདག་ལ་ཐོག་མ་ཡོད་རེད། ཐོག་མ་ཡོད་པ་དེ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། དེ་ཚངས་པས་བྱས་པ་རེད་ཟེར་བ་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང༌། རྒྱ་གར་གྱི་གྲུབ་མཐའ་ཚོའི་ནང་ནས་ཁྱབ་འཇུག་པ་ཟེར་བ་དེ་དག་འཇིག་རྟེན་བཀོད་པ་པོ་འདོད་མཁན་རེད།
དེང་སང་འཛམ་གླིང་ནུབ་ཕྱོགས་ཀྱི་འཇིའུ་ཆོས་ལུགས་དང༌། ཡེ་ཤུ། ཁ་ཆེ་ལ་སོགས་པ་དེ་ཚོས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད་རེད། གྣརྟ དང་ སྐྲཔྱྟཎྤྟཔྱཟེར་གྱི་འདུག་གཱ དེ་དག་ཚང་མས་བདག་འཇོག་དུས་དང་པོ་འཇིག་རྟེན་བཀོད་པ་པོ་བཞག་ནས། ཐོག་མ་ཡོད་དགོས་ཀྱི་རེད། ཐོག་མ་དེ་རྒྱུ་མེད་རྐྱེན་མེད་ཡོང་ཤེས་ཀྱི་མ་རེད། བཀོད་པ་པོས་བཀོད་པ་རེད་ཅེས་པ་རེད། དེ་ཡང་ང་རང་ཚོའི་ཕྱིའི་འབྱུང་བའི་འགྲོ་སྟངས་དང༌། ནང་གི་ལུས་ཀྱི་འགྲོ་སྟངས་དཔེར་ན། ཀླད་པའི་འགྲོ་སྟངས་ལ་ཆ་བཞག་ནའང་ཞེ་དྲག་ཅིག་འདུག་གཱ དེ་དག་འཆར་གཞི་དང་ལྡན་པའི་སྒོ་ནས་བྱུང་བ་རེད་མ་གཏོགས་གློ་བུར་དུ་བྱུང་བ་ཞིག་ཡོང་ཤེས་ཀྱི་མ་རེད། འཆར་གཞི་ལྡན་པའི་ཐོག་ནས་ཡོང་བ་ཡིན་དུས་འཆར་གཞི་འགོད་མཁན་ཞིག་དགོས་ཀྱི་རེད། དེ་འདྲ་ཡིན་དུས་འཇིག་རྟེན་བཀོད་པ་པོ་ཡོད་རེད་ཅེས་པ་རེད།
ནང་པ་མ་ཡིན་པའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གཉིས། ནང་པ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་ལ་སྐྱེ་བ་གཅིག་ཁོ་ན་བཀོད་པར་འདོད་མཁན། སྐྱེ་བ་རྗེས་མ་དཀོན་མཆོག་གི་བཀའ་སྒུག་པ་ལྟ་བུ་མ་གཏོགས་སྐྱེ་བ་མུ་མཐུད་འགྲོ་རྒྱུ་མེད་པ་ལྟ་བུ་དེ་ཕལ་ཆེར་ཁ་ཆེ་དང་ཡེ་ཤུ་དེ་ཚོའི་གྲས་རེད། ཡང་མུ་སྟེགས་པས་ཚངས་པས་བཀོད་པ་རེད་ཟེར་མཁན་དེ་ཚོའི་གྲས་ཀྱིས་སྐྱེ་བ་སྔ་ཕྱི་དང༌། ལས་འབྲས། རྒྱུ་དང་འབྲས་བུའི་འགྲོ་སྟངས་བཅས་བཤད་ཀྱི་ཡོད་རེད། མཐར་གཏུགས་ཡོང་དུས་འཇིག་རྟེན་བཀོད་པ་པོ་ཚངས་པས་བྱས་པ་རེད་ཟེར་གྱི་ཡོད་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་ལ་སྐྱེ་བ་སྔ་ཕྱི་འདོད་མཁན་དང་མི་འདོད་མཁན་ཁག་གཉིས། རྒྱ་གར་ནང་དུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་མང་ཆེ་བ་སྐྱེ་བ་སྔ་ཕྱི་འདོད་མཁན་རེད། ཡེ་ཤུ་ལ་སོགས་པ་དེ་ཚོའི་གྲས་དེ་སྐྱེ་བ་འདི་དཀོན་མཆོག་གིས་བཀོད་པར་འདོད་ཀྱི་ཡོད་རེད། དེ་ཡང་གནད་འགག་ཆེན་པོ་འདྲ་ཞིག་འདུག
འཇིའུ་ཆོས་ལུགས་སྨྲ་མཁན་ཞིག་གིས་འཇིག་རྟེན་བཀོད་པ་པོས་འཇིག་རྟེན་བཀོད་པའི་སྐབས་ལ་མིས་དེ་དང་མཉམ་དུ་དཀའ་ལས་བརྒྱབ་ནས་འཇིག་རྟེན་གྲུབ་པ་རེད་ཅེས་ཟེར་གྱི་འདུག དེས་སྐྱེ་བ་སྔ་མ་འདོད་ཀྱི་ཡོད་མེད་མི་ཤེས། ཚེ་འདིའི་རིང་འཛམ་བུ་གླིང་འགྱུར་བ་འགྲོ་ཡི་ཡོད་པ་དེ་མིས་བྱས་ནས་འགྱུར་བ་འགྲོ་ཡི་ཡོད་རེད་པཱ། དེའི་རྒྱབ་ཏུ་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཡོད་པ། ཐད་ཀར་ལས་ཀ་བྱེད་མཁན་དེ་མིས་བྱས་ནས་འཇིག་རྟེན་འགྱུར་བ་འགྲོ་ཡི་རེད་ཅེས་དེ་འདྲ་ཡིན་པ་མིན་འགྲོ། ཡང་སྣོད་དང་པོ་ཆགས་པའི་སྐབས་ལ་ལྷ་མི་ཟུང་འབྲེལ་གྱིས་བཀོད་པ་ཡིན་ན། སྐྱེ་བ་སྔ་མ་ཁས་ལེན་དགོས་ཀྱི་རེད་པཱ། ག་འདྲ་ཡིན་ན་དེ་གསལ་པོ་བྱུང་མ་སོང༌། ངས་ཡེ་ཤུའི་ཆོས་པ་ཞིག་ལ་ཁྱེད་རང་ཚོ་ཡེ་ཤུའི་ཆོས་ཀྱི་ནང་ལ་སྐྱེ་བ་སྔ་མ་ཁས་བླངས་ན་སྐྱོན་ག་རེ་ཡོད་རེད་ཅེས་དྲིས་པ་ཡིན། སྐྱེ་བ་སྔ་མ་ཡོད་མ་རེད། ཚེ་འདི་རང་ལ་འཇིག་རྟེན་བཀོད་པ་པོས་ཐད་ཀར་བཀོད་པ་རེད་ཟེར། དེ་ཟབ་པོ་འདྲ་པོ་མཐོང་སོང༌། འཇིག་རྟེན་བཀོད་པ་པོ་འདོད་པ་ཡིན་ན་ཚེ་འདི་རང་བཀོད་པ་རེད་ཅེས་ལབ་ན། སེམས་ཐག་ཉེ་པོ་ཞེ་དྲག་འདུག་གཱ དཔེར་ན། ང་རང་ཚོའི་ལུས་འདི་སྦྱིན་མཁན་ཕ་མ་ལས་ལྷག་པ་མེད་པ་རེད། དེ་འདྲ་ཡིན་དུས་མ་ལ་སྙིང་ཉེ་བ་ཞིག་དུད་འགྲོ་ཚོ་ཡིན་ན་ཡང་ཡོང་གི་འདུག་གཱ དེ་ནང་བཞིན་ཚེ་འདི་ཐད་ཀར་དཀོན་མཆོག་གིས་བཀོད་པ་རེད་ཅེས་ལབ་དུས། དཀོན་མཆོག་ལ་སྙིང་ཉེ་བ་ཞིག་དང་སེམས་ཐག་ཉེ་པོ་ཡོང་ས་རེད་འདུག ཇི་ཙམ་གྱིས་མ་ལ་སེམས་ཐག་ཉེ་བ་ཡོད་པ་དེ་ཙམ་གྱིས་མས་ལབ་པ་དང་ལེན་བྱེད་ཀྱི་རེད་པཱ། ག་རེ་རེད་ཟེར་ན། སེམས་ཀྱི་ནང་ནས་ཉེ་པོ་ཡོད་པའི་རྐྱེན་གྱིས་རེད། དེ་བཞིན་ཚེ་འདི་དཀོན་མཆོག་གིས་བཀོད་པ་ཡིན་ན་དཀོན་མཆོག་ལ་སེམས་ཐག་ཉེ་པོ་ཆགས། དཀོན་མཆོག་གི་རྗེས་སུ་སློབ་འདོད་སྐྱེ་ཡི་ཡོད་རེད། དཀོན་མཆོག་གི་དགོངས་པ་ག་རེ་རེད་ཟེར་ན་བྱམས་པ་དང་བརྩེ་བ་ལྡན་པ་བྱེད་དགོས་པ་རེད། དབྱིན་ཇིའི་སྐད་ལ་རྒྣསྤྲྟ དང་ྒདྲརྣརྟཟེར་བ་དེ་ཚོ་དཀོན་མཆོག་གི་བསླབ་བྱ་གཙོ་བོ་ཆགས་བསྡད་ཡོད་རེད། ང་རང་ཚོས་ལྷ་སྒྲུབ་པ་དང་བསྙེན་པ་ཟེར་དུས། ཕར་སྒྲུབ་དགོས་ཀྱི་རེད། ཁོ་རང་ཚོ་ཕར་སྒྲུབ་མི་དགོས་པར་དཀོན་མཆོག་གིས་མི་ཚེ་ཚུར་བཀོད་ཡོང་དུས་སྙིང་ཉེ་པོ་ཡོང་ས་རེད་པཱ། ཁོ་རང་ལ་གནད་འགག་ཅིག་འདུག་གཱ
སངས་རྒྱས་པའི་ལུགས་ལ་བདག་ཐོག་མ་ཡོད་རེད་དམ་ཞེ་ན། བདག་རང་གི་སྟེང་དུ་ཐོག་མ་དང་མཐའ་མ་བཙལ་ནས་རྙེད་རྒྱུ་ཁག་པོ་རེད། སྔོན་ནས་བདག་ཟེར་བ་ཕུང་པོ་ལ་བརྟེན་ནས་བཏགས་པ་དང༌། ཕུང་པོར་ལྟོས་ནས་གྲུབ་བསྡད་པ་ཞིག་ཡིན་དུས་ལྟོས་གཞིའི་ཕུང་པོ་དེ་ལ་ཐོག་མ་ཡོད་མེད་བསམ་བློ་གཏོང་དགོས་རེད། བདག་ལ་ཐོག་མ་ཡོད་མེད་ཀྱི་དྲི་བ་ལ་ལན་རྒྱག་དགོས་ན། བདག་དེ་གང་ལ་བརྟེན་ནས་གྲུབ་པའམ་གང་ལ་བརྟེན་ནས་ཡོད་པའི་ཕུང་པོ་དེ་ལ་ཐོག་མ་ཡོད་མེད་ལྟ་དགོས་རེད། ཕུང་པོ་ལ་ཐོག་མ་ཡོད་མེད་བསམ་བློ་གཏོང་དུས་ལུས་འདི་ཕ་མའི་ཁུ་ཁྲག ཕ་མའི་ཁུ་ཁྲག་དེ་ཕ་མའི་ལུས། ཕ་མའི་ལུས་དེ་དེའི་ཕ་མའི་ཁུ་ཁྲག དེའི་ཕ་མའི་ལུས། དེའི་ཕ་མའི་ཁུ་ཁྲག དེ་ལྟར་ལོ་ས་ཡ་ཁ་ཤས་དེད་ཕྱིན་ན། ཐོག་མར་མིའི་འགྲོ་བ་ཆགས་ཡོང་དུས་མི་ནང་བཞིན་རྐང་པ་གཉིས་སྤོས་ནས་འགྲོ་བའི་རིམ་པ་གཅིག་རེད། དེ་ནས་ཡར་དེད་ན་རྐང་ལག་བཞི་བཙུགས་ནས་འགྲོ་དགོས་པ་རེད། དེ་ནས་དེད་ན་རྐང་ལག་མེད་པར་འབུའི་བཟོ་འདྲ་པོ་རེད། རློན་ལ་གནས་པའི་སྲོག་ཆགས་སྐམ་ལ་ཐོན་པ་བཤད་ཀྱི་ཡོད་རེད། སྤྱི་ཡོངས་ཀྱི་ཆ་ནས་གཅིག་པ་རེད། ལྷ་ལས་མཆེད་པ་ཞེས་པ་ཞིག་བཤད་ཀྱི་ཡོད་རེད། དེ་ཚོ་ལ་བསམ་བློ་གཏོང་དགོས་པ་ཞིག་རེད།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།