ཕྱི་རྒྱལ་ཁག་ཏུ་ཡོད་མཁན་ཚོར་ཡིག་ཆ་བརྟན་པོ་མེད་ན་དཀའ་ངལ་ཆེ་ཤོས་རེད།
ཨ་རི་ནས་ཕེབས་པའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་སུ་བཅར་འདྲི།
དྲི་བ། ཨ་རི་དང་ཁ་ན་ཌའི་ནང་གི་བོད་མིའི་གྲངས་འབོར་དང༌། འཚོ་བ་སྐྱེལ་སྟངས་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། ཕལ་ཆེར་བོད་རིགས་སྤྱི་མཐུན་ཚོགས་པ་ཁ་ན་ཌའི་ནང་དྲུག་དང༌། ཨ་རིའི་ནང་ཉི་ཤུ་རྩ་དྲུག་བཅས་སུམ་ཅུ་སོ་གཉིས་ཡོད་པ་རེད། མི་གྲངས་ཆིག་ཁྲི་སུམ་སྟོང་མ་ཟིན་ཙམ་ཡོད་པ་དང༌། ཨ་རིར་སྟོང་ཕྲག་དགུ་མ་ཟིན་ཙམ་དང༌། ཁ་ན་ཌར་སྟོང་ཕྲག་བཞི་ལྷག་ཅིག་ཡོད་པ་རེད། འཚོ་བ་སྐྱེལ་སྟངས་འདྲ་མིན་རེད། སྔོན་མ་ཕེབས་མཁན་ཚོ་མང་ཆེ་བའི་ལས་ཀ་བརྟན་པོ་ཆགས་བསྡད་ཡོད་པ་རེད། རྩིས་པ། སྨན་པ་ཁ་ཤས། སྨན་ཞབས། སྨན་ཁང་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་མཁན་ཡོད་པ་རེད། དེ་བཞིན་མང་ཆེ་བ་ཟ་ཁང་དང༌། མགྲོན་ཁང༌། བཟོ་གྲྭའི་ནང་ལས་ཀ་བྱེད་མཁན། ཁང་པ་བདག་གཉེར་དང༌། བུ་རྫི་བྱེད་མཁན་དེ་འདྲ་སྣ་ཚོགས་ཤིག་ཡོད་པ་རེད། སློབ་གྲྭར་འགྲོ་མཁན་ཡང་ཡོད་པ་རེད། སོ་སོར་ཚོང་ཁང་དང་ཟ་ཁང་ཡོད་མཁན་ཡང་ཁ་ཤས་ཡོད་པ་རེད།
དྲི་བ། ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབས་ཉམས་ཆག་སོང་ཡོད་པས། བོད་པ་ལས་ཀ་བྱེད་མཁན་ཚོར་བརྡབ་གསིག་ཐེབས་པ་དང༌། ལས་ཀ་ཤོར་མཁན་བྱུང་ཡོད་དམ།
ལན། བརྡབ་གསིག་ཏན་ཏན་ཐེབས་ཀྱི་རེད། ངས་ཤེས་སར་ཁ་ཤས་ཀྱི་ལས་ཀ་ཤོར་འདུག ནིའུ་ཡོག་ཏུ་བོད་མི་སྟོང་ཕྲག་ཡས་མས་ཡོད་པ་རེད། དཔལ་འབྱོར་ཉམས་ཆག་སོང་ནས་བཟོ་གྲྭའི་ལས་བྱེད་ཉུང་དུ་བཏང་བ་དང༌། ལས་ཡུན་ཆུ་ཚོད་ཉུང་དུ་བཏང་བ་སོགས་ཡོད་པ་རེད། སྤྱི་ཡོངས་ཀྱི་ཐོག་ཚོད་དཔག་བྱས་ན་བོད་མི་ཆིག་ཁྲི་སུམ་སྟོང་ཙམ་ཡོད་པའི་ནང་ནས་བརྒྱ་ཆ་གཉིས་གསུམ་གྱི་ལས་ཀ་ཤོར་ཡོད་པ་རེད།
དྲི་བ། བོད་པ་ཚོ་རང་ངོས་ནས་དཔལ་འབྱོར་ཉམས་ཆག་གིས་གནོད་སྐྱོན་མི་ཡོང་ཆེད་ལས་དོན་བྱེད་ཕྱོགས་དང༌། གྲ་སྒྲིག་ག་རེ་དགོས་པ་རེད།
ལན། ད་ལྟ་ཨ་རིའི་མི་མང་དང༌། གཞུང༌། ང་ཚོ་ཚང་མ་ལ་དེའི་ཐོག་ཉམས་མྱོང་ག་རེ་བྱུང་ཡོད་པ་རེད་ཟེར་ན། འདས་པའི་ལོ་ལྔ་དྲུག་ནང་ལ་དཔལ་འབྱོར་ཡར་རྒྱས་སོང་ནས། ཡག་པོ་ཞེ་དྲག་བྱུང་བ་རེད་མོད། དེ་ཚང་མ་ཤོག་བུའི་རྒྱུ་རེད། ཤོག་བུའི་དངུལ་རེད། དེའི་སྐབས་ཨ་རིའི་ནང་ཁང་པའི་གོང་དེ་རིམ་པས་ཡར་འཕར། དང་པོ་སྐྱེད་ཀ་ཉུང་ཉུང་རེད། ཕོགས་ཐོབ་ཆེན་པོ་འཕར་ཡོད་པ་མ་རེད་མོད། སྐྱེད་ཀ་ཉུང་ཉུང་ཡིན་པས། མི་མང་པོ་ཉོ་མཁན་བྱུང་བ་རེད། བོད་པ་ཉོ་ཐུབ་མཁན་ཡང་ཡོད་པ་རེད། ཡིན་ནའང་སྐྱེད་ཀ་བརྟན་པོ་མ་རེད། དེ་འཕར་ནས་བུ་ལོན་སྤྲད་མ་ཐུབ་པ་བྱུང༌། ཁང་པ་དེ་དངུལ་ཁང་ལ་རྩིས་སྤྲོད་དགོས་པ་བྱུང་ཡོད་པ་རེད། དེ་འདྲ་བྱས་ནས་ཨ་རིའི་མི་མང་ས་ཡ་གཉིས་ལ་ཉེན་ཁ་ཆགས་བསྡད་ཡོད་པ་དང༌། ད་དུང་ས་ཡ་བདུན་བརྒྱད་ལ་ཉེན་ཁ་འདུག་ཟེར་གྱི་ཡོད་པ་རེད། རླངས་འཁོར་སོགས་འཛིན་ཆས་འདྲ་མིན་ཉོ་རྒྱུའི་དངུལ་འབེལ་པོ་ཆགས་ནས། བུ་ལོན་ཆེན་པོ་ཡོད་ནའང༌། བསྲི་ཚགས་དང༌། དངུལ་གསོག་རྒྱུའི་གཤིས་ཀ་ཞེ་དྲག་ཡོད་མ་རེད། ཧོབ་སྟེ་ཁང་པའི་གོང་ཆག་པ་དང༌། བུ་ལོན་རག་རྒྱུ་ཁག་པོ་ཆགས། བཟོ་གྲྭ་ཚང་མས་ལས་བྱེད་ལ་ཕོགས་སྤྲོད་མ་ཐུབ་པ་བྱུང༌། ཉོ་མཁན་ཉུང་དུ་སོང་ནས་ཚོང་སྐྱོ་རུ་ཕྱིན་པ་རེད། ང་ཚོ་བོད་མི་ཚོས་དེའི་ཐོག་ནས་ཉམས་མྱོང་ག་རེ་ལེན་དགོས་པ་རེད་ཟེར་ན། སོ་སོས་ཁང་པ་ཉོས་ནའང༌། བུ་ལོན་བརྟན་པོ་སྤྲོད་ཐུབ་པ་དེ་དགོས་པ་རེད། སོ་སོའི་ཡོང་སྒོ་ལ་དཔག་པའི་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་རེད། ཞེ་དྲག་འདོད་པ་ཆེན་པོས་ཉེན་ཁ་ཅན་གྱི་མ་རྩ་བཙུགས་ན་བརྒྱ་ཆ་བཞི་བཅུ་ལྔ་བཅུ་མར་ཟགས་བསྡད་ཡོད་པ་རེད། ང་རང་ཡིན་ནའང་རྒན་པས་བསགས་ཡོད་པའི་དངུལ་བརྒྱ་ཆ་བཞི་བཅུ་ལྔ་བཅུ་ཟགས་བསྡད་ཡོད་པ་རེད། ཁྲོམ་ར་ལ་ཉམས་མྱོང་དང༌། སློབ་སྦྱོང་དགོས་པ་རེད། ྋསྐྱབས་མགོན་རིན་པོ་ཆེས་རིག་གཅིག་རྐང་འཛིན་དགོས་པར་གསུངས་པ་དེར་གནད་འགག་ཞེ་དྲག་ཡོད་པ་རེད། བུ་ལོན་ཏོག་ཙམ་ལེན་དགོས་ན། ལོ་གཉིས་གསུམ་ལ་སྡུག་རུས་བྱས་ནས། ཁེ་ལས་པའི་སློབ་སྦྱོང་དགོས་པ་རེད། འཕྲལ་སེལ་གྱི་ལས་ཀ་ཕོགས་ཐོབ་ཡག་པོ་ཡོད་པ་འདྲ་རག་པ་དེས་འདོད་པ་ཁེངས་ནས་བསྡད་ན། དེ་འདྲའི་ལས་ཀ་སུ་ཡིན་ནའང་བྱེད་ཐུབ་ཀྱི་ཡོད་པས། ལས་ཀ་དེ་ཤོར་རྒྱུ་ཡང་ལས་སླ་པོ་རེད། བཟོ་གྲྭའི་ནང་ཡིན་གཅིག་མིན་གཉིས་དགོས་པའི་ལག་རྩལ་དང་ཤེས་ཡོན། ཉམས་མྱོང་དགོས་ཀྱི་ཡོད་ན། དེ་བྱེད་ཐུབ་མཁན་ཞིག་དགོས་པ་དེ་གལ་ཆེན་པོ་རེད། ས་གནས་གང་དུ་ཡོད་ན་ཁ་ཡོད་ལག་ཡོད་དགོས་པའི་ལས་ཀ། སྨན་ཁང་དང༌། འཕྲོད་བསྟེན་གྱི་སྐོར། གཞུང་གི་ལས་ཀ་དེ་ཚོ་ཕུགས་བརྟན་པོ་རེད། སོ་སོའི་ལས་ཀ་བྱེད་ས་བཟོ་གྲྭ་ཡིན་ན་སོ་སོར་གླ་ཆ་རག་པ་ལས་ཕར་ཕན་ཐོགས་པའི་དམིགས་ཡུལ་འཛིན་ཐུབ་ན་ལས་ཀ་བརྟན་པོ་ཆགས་ཀྱི་རེད། བཟོ་གྲྭར་གྱོང་རག་ན་རག་བསམ་ན་ཕུགས་བརྟན་པོ་ཡོང་གི་མ་རེད།
དྲི་བ། སྤྱིར་བཏང་ཕྱི་རྒྱལ་དུ་སྡོད་མཁན་ཚོའི་དཀའ་ངལ་ཆེ་ཤོས་ག་རེ་ཡིན་ནམ
ལན། སྔོན་མ་ཕེབས་མཁན་ཚོར་ལག་ཁྱེར་ཡོད་པ་རེད། སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རག་པ་རེད། རྗེས་སུ་ཡིག་ཆ་བརྟན་པོ་མེད་པའི་ཐོག་ནས་ཕེབས་མཁན་ཚོར་དཀའ་ངལ་ཡོད་པ་རེད། ལག་ཁྱེར་ཡོད་ན། འདིར་སློབ་སྦྱོང་བྱས་པ་དེ་ཚོ་བེད་སྦྱོད་བྱེད་རྒྱུ་ལ་ཡིག་ཆ་མེད་པའི་དཀའ་ངལ་རེད།
དྲི་བ། ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར་བོད་ཡིག་དང༌། བོད་སྐད་མ་ཤེས་པའི་དཀའ་ངལ་འདུག་ཟེར་མཁན་ཡོད་པ་རེད། དཀའ་ངལ་དེ་སེལ་ཐབས་སུ་ད་ལྟ་གོ་སྒྲིག་གང་ཡོད་དང་མ་འོངས་པར་ལས་འཆར་ཡོད་མེད་གསུངས་རོགས།
ལན། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་འཚོག་སྐབས་ཁྱིམ་ཚང་སོ་སོའི་ནང་བོད་སྐད་བཤད་དགོས་པ་བཟོས་པ་དང༌། དེ་བཞིན་བོད་པའི་དྲ་རྒྱ་བརྒྱུད་ནས་རླུང་འཕྲིན་བརྙན་འཕྲིན་དེ་ཚོར་ཉན་ཐུབ་ན་བཙན་བྱོལ་གྱི་གནས་སྟངས། བོད་ནང་གི་གནས་སྟངས་ཚང་མ་ཤེས་ཀྱི་རེད། དེ་བཞིན་གསར་ཤོག་བང་ཆེན་དང༌། དུས་བབ། ཤེས་བྱ་དེ་ཚོ་མངགས་ཉོ་བྱས་ན་ཏན་ཏན་ཕན་ཐོགས་ཀྱི་རེད། གཟའ་ཉི་མར་བོད་ཡིག་སློབ་གྲྭ་ཡོད་པ་རེད། དེར་ཚང་མས་རོགས་པ་བྱེད་དགོས་ཀྱི་འདུག ཕ་མས་སོ་སོའི་སྐད་དང་རིག་གཞུང་མ་བརླགས་པ་བྱེད་རྒྱུའི་འགན་ཁུར། བོད་རིགས་སྤྱི་མཐུན་ཚོགས་པ་ཡོད་པ་དེར་མཐུན་འགྱུར་རོགས་རམ་དང༌། དེའི་ནང་མཉམ་ཞུགས་བྱེད་དགོས་པ་གལ་ཆེན་པོ་འདུག ང་ཨ་རིར་བསྡད་ནས་ལོ་ཉི་ཤུ་རྩ་ལྔ་འགྲོ་ཡི་ཡོད་པ་རེད། ཨ་མ་ལགས་ཀྱི་བཀའ་དྲིན་གྱིས་ངས་བོད་སྐད་མ་བརླགས་པ་རེད། གྲོས་ཚོགས་ནང་དུ་སླེབས་རྗེས་ངས་བོད་ཡིག་ཀ་མད་སུམ་བཅུ་གཞི་ནས་སྦྱངས་པ་ཡིན། གཙོ་བོ་སོ་སོའི་འབད་བརྩོན་ལ་རག་ལས་ཀྱི་འདུག
དྲི་བ། ཨ་རི་དང་ཁ་ན་ཌར་གནས་སྡོད་བྱེད་མཁན་ཚོས་བོད་དོན་ཐོག་ལས་ཀ་གཙོ་བོ་ག་རེ་བྱེད་དགོས་པ་རེད་དགོངས་ཀྱི་ཡོད།
ལན། ཕྱི་རྒྱལ་ཁག་ཏུ་སྡོད་མཁན་གྱི་བོད་མི་ཚོས་བོད་དོན་ཐོག་གལ་ཆེ་ཤོས་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་ཐོག་དྭངས་བླང་ཕྱག་རོགས་དང༌། དེའི་འགན་འཛིན་ལྷན་ཚོགས་ནང་དྭངས་བླང་དགོས་པ་དེ་ཚོ་གལ་ཆེན་པོ་འདུག ཁོ་རང་ཚོས་ལས་འགུལ་སྤེལ་བ་ལ་རྒྱབ་སྐྱོར་དགོས་ཀྱི་འདུག བོད་པ་ཞེ་དྲག་མེད་ས། སོ་སོ་གཅིག་པུ་ལུང་ཁུག་ཅིག་ནང་ཡོད་ནའང༌། དེའི་གཡས་གཡོན་གྱི་ཡུལ་མི་དང༌། སློབ་གྲྭ སྲིད་གཞུང་དེ་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་དང༌། ང་ཚོའི་མངོན་འདོད་གསལ་བཤད་བྱས། བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་ན། བོད་མི་གཅིག་ཡིན་ནའང་དེའི་ཐོག་བོད་དོན་རྒྱབ་སྐྱོར་བ་མང་པོ་ཡོང་ན། དབུས་གཞུང་དང་མངའ་སྡེ་གཞུང་ལ་གནོན་ཤུགས་ཤིག་སླེབས་ཀྱི་རེད། དཔོན་རིགས་ཚོར་འགྱུར་བ་སོང༌། ལོ་ག་ཚོད་འགོར་ཡང་སྤྱི་ཚོགས་དེའི་ནང་ནས་རྒྱུན་དུ་བོད་དོན་ཆེད་འབོད་སྐུལ་གནང་ན། རང་བཞིན་གྱིས་དབུས་གཞུང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཞིག་ཡོང་གི་རེད། ས་གནས་དེའི་ཡུལ་མིས་བོད་ཀྱི་དྲག་གནོན་གནས་སྟངས་བཤད་ན། ཁོང་ཚོར་བོད་པར་སྙིང་རྗེ་དང་རྒྱབ་སྐྱོར་སླེབས་རྒྱུར་ཤུགས་ཆེ་བ་ཡོད་པ་རེད།
དྲི་བ། ཨ་རི་དང་ཁ་ན་ཌ་ནས་བོད་པ་ཚོས་བརྒྱ་ཆ་ག་ཚོད་ཀྱིས་བོད་མིའི་དཔྱ་ཁྲལ་སྤྲོད་ཐུབ་ཀྱི་ཡོད་པ་རེད།
ལན། ༢༠༠༧ དང་༢༠༠༨ ཀྱི་རྩིས་ལོའི་ནང་ཨ་རི་དང་ཁ་ན་ཌ་ནས་བརྒྱ་ཆ་བཞི་བཅུ་ཞེ་གསུམ་རེད། ཨ་རིར་བརྒྱ་ཆ་༥༥ དང༌། ཁ་ན་ཌ་༢༠ རེད། ན་ནིང་བཀའ་ཤག་གིས་སྔོན་མ་ཕུལ་མ་ཐུབ་མཁན་ཚོར་ཆག་ཡངས་བྱས་པ་རེད། ད་ལྟ་ཨ་རིར་བརྒྱ་ཆ་༨༨ དང༌། ཁ་ན་ཌར་བརྒྱ་ཆ་༤༠ རེད་འདུག དེའི་དཀའ་ངལ་སེལ་ཐབས་སུ་ང་ཚོའི་གཞུང་གིས་གནང་དགོས་ཀྱི་འདུག གྲོས་ཚོགས་ཀྱིས་གནང་དགོས་ཀྱི་འདུག་ངས་སྔོན་མ་ཞུ་ཡི་ཡོད། ཕྱི་རྒྱལ་ཁག་ཚང་མ་ལ་དཀའ་ངལ་དེ་ཡོད་པ་རེད། ས་གནས་མང་པོ་ཞིག་ལ་ཨ་རིའི་དཔལ་འབྱོར་དང་གཅིག་པར་བརྩིས་ན། ཁོང་ཚོར་དཀའ་ངལ་རེད་འདུག དཔྱ་ཁྲལ་འབུལ་རྒྱུའི་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ལ། མི་མང་གིས་གཞུང་དང་རྩ་དོན་ལ་ཕན་ཐོགས་ག་ཚོད་ཡོད་མེད་མཁྱེན་ནས། གཞུང་དང་མི་མང་གིས་དགོངས་པ་བཞེས་ན། དཔྱ་ཁྲལ་ལག་དེབ་ཉར་མཁན། བོད་ཀྱི་ཡུལ་མིའི་ལས་འགན་ཁུར་མཁན་ཞིག་འབྱུང་གི་རེད།
དྲི་བ། ༢༠༠༨ ལོར་བོད་དོན་ལས་འགུལ་སྤེལ་སར་མི་མང་པོ་སོང༌། ལས་ཀ་ཤོར་མཁན་བྱུང་བ་དེ་འདྲ་གོ་སོང༌། དེ་ལྟར་ཡིན་ནམ།
ལན། ཁ་ཤས་ལ་དཀའ་ངལ་བྱུང་འདུག ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་མང་པོ་སྤེལ། ལས་གནས་ནས་དགོངས་པ་མ་རག དགོངས་པ་ཞུ་རྒྱུ་མང་དྲགས་འདུག་ཟེར་ནས་ལས་ཀ་ཤོར་མཁན། དགོངས་པ་མ་རག་པ་བྱུང་བ་སོགས་ཡོད་པ་ང་རང་གིས་གོ་སོང༌། ཨ་རིར་སོ་སོར་ཚོང་དང་ལས་ཀ་ཡོད་ན་མ་གཏོགས། མང་ཆེ་བར་ལོ་གཅིག་ནང་བདུན་གཉིས་གསུམ་ལས་གུང་གསེང་ཡོད་པ་མ་རེད། ལོ་ཉི་ཤུ་སུམ་བཅུ་ལ་ལས་ཀ་བྱས་རྗེས་བདུན་ཕྲག་བཞི་ལྔ་རག་གི་ཡོད་པ་རེད། གུང་གསེང་མ་འདང་བའི་དཀའ་ངལ་རེད།།