ཕྱི་རྒྱལ་ཁག་ཏུ་ཡོད་མཁན་ཚོར་ཡིག་ཆ་བརྟན་པོ་མེད་ན་དཀའ་ངལ་ཆེ་ཤོས་རེད།

ཡོ་རོབ་ནས་ཕེབས་པའི་བོད་མི་མང་སྤྱི་འཐུས་བསོད་ནམས་ཚེ་རིང་ཧཕ་སི་ལགས་སུ་བཅར་འདྲི།
དྲི་བ། ཡོ་རོབ་ནང་གི་བོད་མིའི་གྲངས་འབོར་དང༌། འཚོ་བ་སྐྱེལ་སྟངས་ངོ་སྤྲོད་གནང་རོགས།
ལན། ཡོ་རོབ་རྒྱལ་ཁབ་བཅུ་གསུམ་བཅུ་བཞིའི་ནང་དུ་བོད་པ་ཡོད་པ་རེད་བསམ་གྱི་འདུག བོད་པ་མང་ཤོས་ཡོ་རོབ་ནང་གི་སུད་སི་རུ་ཡོད་པ་རེད། མི་འབོར་ཞིབ་བཤེར་བྱས་ཡོད་པ་མ་རེད་མོད། བཞི་སྟོང་ལྔ་བརྒྱ་ཡས་མས་ཡོད་པ་རེད། བྷེལ་རྗམ་ནང་དུ་ཕལ་ཆེར་ཆིག་སྟོང་ལྷག་དང༌། དབྱིན་ཡུལ་དུ་ལྔ་བརྒྱ་ལྔ་བཅུ། ཧཕ་རན་སིར་བཞི་བརྒྱ་ལྔ་བཅུ། འཇར་མན་ལ་ཉིས་བརྒྱ་ཡས་མས། སི་པན་དང༌།

ནོར་ཝེ། ཌེ་མག ཧཕིན་ལན་ཌི། སི་ཝི་ཌན། ཧོ་ལན་ཌི་དེ་ཚོ་རེ་རེའི་ནང་མི་གྲངས་བརྒྱ་ལས་ཉུང་བ་རེད། སུམ་ཅུ་བཞི་བཅུ་ཡོད་ས་དང༌། དགུ་བཅུ་ཡོད་ས་དེ་འདྲ་འདྲ་མིན་རེད། རོབ་རྩིས་བརྒྱབ་ན་ཡོ་རོབ་ནང་དགུ་སྟོང་ཡས་མས་ཡོད་པ་རེད། འཚོ་བ་སྐྱེལ་སྟངས་ཡིན་ན། སུད་སིའི་ནང་སྔོན་མ་༡༩༦༠ དང་༡༩༧༠ ནང་སླེབས་མཁན་ཚོར་སློབ་སྦྱོང་ཡོད་པ་མ་རེད། ལམ་བཟོ་ས་ནས་སླེབས་པ་ཡིན་པས་མང་ཆེ་བས་བཟོ་གྲྭའི་ནང་ལས་ཀ་བྱས་པ་རེད། རྗེས་སུ་གཞོན་སྐྱེས་སློབ་སྦྱོང་རག་མཁན་ཚོས་དངུལ་ཁང་ནང་ལས་ཀ་བྱེད་མཁན་དང༌། ཚོང་ལས་བྱེད་མཁན་དེ་འདྲ་རེད། ལས་ཁུངས་ནང་གི་ལས་ཀ་དང༌། སྨན་ཀྱི་ལས་དོན་སོགས་སྣ་ཚོགས་ཡོད་པ་རེད། ཉེ་ཆར་འབྱོར་བ་ཚོར་ཡིག་ཆའི་དཀའ་ངལ་ཆེན་པོ་རེད། ལས་ཀ་བྱས་པའི་མཐུན་རྐྱེན་དང་ཐོབ་ཐང་མེད་པས། མང་ཆེ་བས་ནག་པོའི་ནང་ལྟ་བུར་ལས་ཀ་བྱས་བསྡད་ཡོད་པ་རེད།
དྲི་བ། ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབས་ལ་ཉམས་ཆག་སོང་ཡོད་པས། བོད་པ་ལས་ཀ་བྱེད་མཁན་ཚོར་བརྡབ་གསིག་ཐེབས་པ་དང༌། ལས་ཀ་ཤོར་མཁན་བྱུང་ཡོད་དམ།
ལན། བརྡབ་གསིག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། གཏིང་ནས་བརྡབ་གསིག་འགྲོ་རྒྱུའི་འཛུགས་སྐྲུན་རང་གི་ནང་ལ་བོད་པ་ཡོད་པ་མ་རེད། བཟོ་གྲྭ་མེད་པ་ཆགས་རྒྱུའི་གནས་སྟངས་ཡོད་པ་མ་རེད། ཉེན་ཁ་དེ་བཟོ་གྲྭའི་ལས་གཞི་ཆུང་དུ་འགྲོ་བ་དང༌། ལས་བྱེད་ཉུང་དུ་བཏང་ན། བོད་པ་ཚོ་ཡོད་ན་ཉུང་དུ་འགྲོ་བའི་གཞི་རྩ་ཞིག་སླེབས་བསྡད་ཡོད་པ་རེད། ལོ་མང་པོའི་སྔོན་སུད་སི་ལ་བཟོ་གྲྭའི་ལས་གཞི་ཆེན་པོ་རེད། དེ་རྗེས་བཟོ་གྲྭའི་ལས་གཞི་མང་པོ་རྒྱ་གར་དང་རྒྱ་ནག་སོགས་ལ་བཏང་ནས། མང་པོའི་ལས་ཀ་ཤོར་བའི་སྐད་ཆ་འདུག སྤྱིར་བཏང་བོད་པ་ཉུང་ཉུང་རེད། ཕོན་ཆེན་པོ་བརྡབ་གསིག་ཐེབས་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག
དྲི་བ། བོད་པ་ཚོ་རང་ངོས་ནས་དཔལ་འབྱོར་ཉམས་ཆག་གི་གནོད་སྐྱོན་མི་ཡོང་ཆེད་ལས་དོན་བྱེད་ཕྱོགས་དང༌། གྲ་སྒྲིག་ག་རེ་དགོས་མིན་དང༌། ནམ་རྒྱུན་བོད་པའི་དཀའ་ངལ་ཆེ་ཤོས་ག་རེ་ཡིན་ནམ།
ལན། དེ་ཁག་པོ་རེད། ཕར་ཡོད་མཁན་ཚང་མ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་དུ་ཡོད་པ་རེད། ལས་ཀ་ཤོར་ན་གཞུང་རང་གི་ལྟ་སྐྱོང་ཆུང་ཆུང་ཞིག་ཡོད་པ་རེད། ཕ་གིར་གནས་སྟངས་ཀྱི་ཐོག་ནས་འགྲིག་འགྲོ་ཡི་རེད། ང་ཚོའི་གཞུང་གིས་བྱེད་ཐུབ་པ་ཡོད་པ་མ་རེད། སྡུག་ཤོས་དེ་ལག་ཁྱེར་མ་འགྲིག་པ་དེ་ལས་ཀ་འཚོལ་རྒྱུའི་དཀའ་ངལ་ཆེ་ཤོས་རེད།
དྲི་བ། ༢༠༠༨ ལོར་བོད་དོན་ལས་འགུལ་སྤེལ་སར་མི་མང་པོ་སོང་བས། ལས་ཀ་ཤོར་མཁན་བྱུང་བ་དེ་འདྲ་གོ་སོང༌། དེ་ལྟར་ཡིན་ནམ།
ལན། དེ་འདྲ་ཕལ་ཆེར་བྱུང་ཡོད་པ་མ་རེད་བསམ་གྱི་འདུག ངས་གོ་མ་སོང༌། མེད་མི་སྲིད་པ་ཡང་མ་རེད། སྤྱིར་བཏང་ལས་འགུལ་མང་ཆེ་བ་གུང་གསེང་སྐབས་རེད།
དྲི་བ། ཡོ་རོབ་ཏུ་གནས་སྡོད་བྱེད་མཁན་ཚོས་བོད་དོན་ཐོག་ལས་ཀ་གཙོ་བོ་ག་རེ་བྱེད་དགོས་པ་རེད་དགོངས་ཀྱི་ཡོད།
ལན། བོད་དོན་གྱི་ལས་ཀ་དེ་དོན་གཅོད་ཁག་མང་པོ་ཡོད་པ་རེད། ཁོང་ཚོས་གཞུང་འབྲེལ་གྱི་ལས་དོན་བྱེད་ཀྱི་ཡོད་པ་དང༌། མི་མང་གིས་རྒྱ་ནག་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུ་དང༌། སྐད་འབོད་བྱེད་རྒྱུ་སོགས་ཀྱི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། ངོ་རྒོལ་བྱེད་རྒྱུ་ལས་དེ་མིན་ཡར་མར་གྱི་ལས་ཁུངས་ལ་སོང་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོད་མ་རེད། ཁག་པོ་ཆགས་བསྡད་ཡོད་པ་རེད།
དྲི་བ། ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར་བོད་ཡིག་དང༌། བོད་སྐད་མ་ཤེས་པའི་དཀའ་ངལ་འདུག་ཟེར་མཁན་ཡོད་པ་རེད། དཀའ་ངལ་དེ་སེལ་ཐབས་སུ་ད་ལྟ་གོ་སྒྲིག་གང་ཡོད་དང་མ་འོངས་པར་ལས་འཆར་ཡོད་མེད་གསུངས་རོགས།
ལན། དཀའ་ངལ་དེ་ཡོད་མཁན་དང་མེད་མཁན་གཉིས་ཀ་རེད། ཕ་མ་གཉིས་ཀ་བོད་པ་ཡིན་ན། རེ་ཟུང་མ་གཏོགས་བོད་སྐད་ཤེས་མཁན་རེད། སུད་སི་སྔོན་མ་ནས་སྒྲིག་གཞི་བརྟན་པོ་རེད། གཟའ་ཉི་མ་དང་སྤེན་པར་སློབ་གྲྭ་མང་པོ་ཡོད་པ་རེད། དབྱིན་ཡུལ་ཡིན་ནའང་དོན་གཅོད་ཀྱིས་བོད་ཡིག་སློབ་ཀྱི་ཡོད་པ་རེད། དངུལ་སྤྲོད་དགོས་པ་མ་རེད། ཡིན་ནའང་སྡོད་ས་ཐག་རིང་པོ་ཡིན་ན། ཕ་མས་ཕྲུ་གུ་སྐྱེལ་ཐུབ་མིན་ལ་ཐུག་བསྡད་ཡོད་པ་རེད། ཕ་མས་གལ་ཆེན་པོར་མ་བརྩིས་ན། ཕྲུ་གུ་སླེབས་ཐབས་ཡོད་པ་མ་རེད། ད་ལྟ་ཕྲུ་གུ་མང་ཆེ་བས་བོད་སྐད་ཤེས་ཀྱི་འདུག སུད་སི་ཡིན་ན། ལོ་སུམ་ཅུ་བཞི་བཅུའི་སྐད་ཆ་རེད། བོད་སྐད་མི་ཤེས་མཁན་ཡོད་ནའང༌། སྤྱོད་ལམ་གོམས་གཤིས་བོད་པ་གཙང་མར་བསྡད་འདུག དེའི་ནང་ནས་སྔོན་མ་༡༩༦༠ ནང་གསོས་ཕྲུག་བཏང་བ་མང་པོ་རེད། ཁོང་ཚོ་ནང་མི་ཚང་མ་ཕྱི་རྒྱལ་མཉམ་པོར་བསྡད་པས། བོད་ཡིག་བོད་སྐད་མི་ཤེས་མཁན་རེད། ཆེན་པོ་ཆགས་ནས་བོད་པའི་དོན་དག་ལ་དོ་སྣང་སླེབས་དུས། བོད་སྐད་མ་ཤེས་པས། ཁོ་རང་ཚོས་ཐབས་སྐྱོ་པོར་བརྩི་ཡི་འདུག བོད་སྐད་ལ་དོ་སྣང་བྱས། བོད་རིགས་ཚོགས་པ་ཚོགས་འདུའི་སྐབས་བོད་སྐད་བཤད་ཀྱི་ཡོད་པ་རེད། བོད་ཡིག་བོད་སྐད་ཤེས་དགོས་པའི་སློབ་གསོ་ཞེ་དྲག་རྒྱག་གི་ཡོད་པ་རེད།
དྲི་བ། ཡོ་རོབ་ནང་གི་བོད་པ་ཚོས་བརྒྱ་ཆ་ག་ཚོད་ཀྱིས་བོད་མིའི་དཔྱ་ཁྲལ་སྤྲོད་ཐུབ་ཀྱི་ཡོད་པ་རེད།
ལན། བརྒྱ་ཆ་ཏག་ཏག་བཤད་རྒྱུ་མེད། སུད་སི་ཡིན་ན། ཡག་པོ་རེད། ཕར་ཆེར་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཟིན་གྱི་ཡོད་པ་རེད། དབྱིན་ཡུལ་ཡིན་ན། སྔོན་མ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཡོད་པ་རེད། ད་ལྟ་ཡིན་ན་ཕལ་ཆེར་ལྔ་བཅུ་ཡས་མས་མིན་འགྲོ། བོད་པའི་གྲངས་འབོར་ནང་ཡོད་ནའང༌། དཀའ་ངལ་ཞིག་གི་འོག་དཔྱ་ཁྲལ་སྤྲོད་མི་ཐུབ་མཁན་ཡོད་པ་རེད། ན་ནིང་ཆག་ཡངས་ཀྱི་འོག་ནས་ཡག་པོ་སྤྲོད་མཁན་བྱུང་འདུག ཡོ་རོབ་ནང་གི་བོད་མི་སྤྱིའི་ཆ་ནས་ཕལ་ཆེར་བརྒྱ་ཆ་སུམ་ཅུ་བཞི་བཅུས་སྤྲོད་ཐུབ་ཀྱི་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།