རྒྱུན་རིང་བསགས་པའི་ཉམས་མྱོང་ནི་ཡར་རྒྱས་ཀྱི་གཞི་རྩ་ཡིན།

ལི་ཐང་བློ་བསྟན།
ད་ལྟ་ང་ཚོ་གངས་ཅན་པ་ཀུན་གྱི་མགོ་ཐོག་ཏུ་སྔར་བྱུང་མྱོང་མེད་པའི་ཆག་སྒོ་གཞིས་བྱེས་གཉིས་སུ་གྱེས་ནས་སྡུག་གི་ཁུར་པོ་ལྕི་མོ་ཞིག་གི་འོག་ཏུ་ལུས་བཞིན་ཡོད། འོན་ཀྱང་གཞིས་བྱེས་བོད་མི་ཀུན་གྱི་མགོན་སྐྱབས་རྒྱལ་བ་ཡབ་སྲས་ཟུང་གི་ཡང་དག་པའི་དབུ་ཁྲིད་དང༌། རྒན་རབས་མཁས་དབང་དམ་པའི་རམ་འདེགས་ལ་བརྟེན་ནས། ཆེས་ཐོག་མར་མ་འོངས་གངས་ཅན་པའི་བདག་པོ་གཞོན་སྐྱེས་རྣམས་ལ་ཤེས་ ༼དེང་རབས་༽ཡོན་བསྐྲུན་རྒྱུའི་རྨང་གཞིར་བཏིང་ནས་མི་ལོ་བཅུ་ཕྲག་འགའ་ཤས་ལས་སོང་མེད། དེའི་རིང་ལ་འཛམ་གླིང་ནང་ཆེས་འབུར་དུ་ཐོན་པའི་མཁས་༼དེང་རབས་༽པའི་དབང་པོ་ཞིག་མ་བྱུང་ཡང༌། ལོ་གྲངས་ཀྱི་ཉམས་མྱོང་ལ་དཔག་པའི་གྲུབ་འབྲས་ནི། དེང་སང་སྐྱེ་བོ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་གོ་ལ་ཟླུམ་པོའི་དེང་རབས་ཅན་ལ་མིག་དབང་ཕྱོགས་རྒྱུ་བྱུང་བ་འདི་ནི་ཆེས་ཕུལ་དུ་བྱུང་བའི་གྲུབ་འབྲས་སུ་འདོད་དགོས་སྙམ།

         དེ་ལྟར་མིན་པར་རྒྱ་གར་དང༌། རྒྱ་ནག ཨ་རི་དང༌། ཡུ་རོབ་སོགས་སུ་མི་ལོ་བརྒྱ་ཕྲག་དང་སྟོང་གི་གོང་རོལ་ནས་དཀའ་སྡུག་སྣ་ཚོགས་ཀྱི་ཁྲོད་ན། རང་རང་མི་རིགས་ཀྱི་ཁམས་དང་མོས་པ། བསམ་བློ་དང་གོམས་གཤིས། སྐད་ཡིག་རིག་གཞུང་སོགས་དང་མཐུན་པའི་སྙིང་སྟོབས་ཆེན་པོའི་གསར་བརྗེ་དང་མདུན་བསྐྱོད་ཀྱིས་སྙིགས་དོར་བཅུད་ལེན་བྱས་ནས་བསགས་པའི་རྩ་ཆེན་ཉམས་མྱོང་ལས་བྱུང་བའི་ཤེས་༼དེང་རབས་༽ཡོན་དང༌། དེ་རིང་གི་བར་དུ་མི་ལོ་བཅུ་ཕྲག་ཁ་ཤས་ལས་སོང་མེད་པའི་ཆེས་ལོ་ན་ཕྲ་བའི་བོད་ཀྱི་ཤེས་༼དེང་རབས་༽ཡོན་གཉིས་བསྡུར་ཐབས་ཤིག་ག་ལ་ཡོད། ལར་ཤེས་ཡོན་གང་དང་གང་ཡིན་ཡང་མི་རབས་ནས་མི་རབས་རྒྱུན་མ་ཆད་པར་བརྒྱུད་པའི། མི་རིགས་རང་རང་གི་སེམས་ཁམས་དང་མཐུན་པའི་གཞི་རྩ་བརྟན་པོའི་གསར་བརྗེ་དང༌། ལེགས་ཉེས་ཤེས་པའི་བླང་དོར། སྙིང་སྟོབས་ཆེན་པོའི་མདུན་བསྐྱོད་སོགས་ཀྱི་ཉམས་མྱོང་ཚད་མར་ངེས་པར་ལྟོས་དགོས། བརྒྱུད་རིམ་དེ་དག་གི་ཁྲོད་ནས་དབྱར་རྩྭ་བཞིན་རིམ་བཞིན་སྐྱེ་དགོས་པ་ལས་མི་ལོ་ལྔ་བཅུ་ཡས་མས་ཤིག་ནི་མི་གཅིག་གི་མི་ཚེ་ལ་ལྟོས་ན་དུས་ཡུན་ཤིན་ཏུ་རིང་པོ་ཞིག་ཡིན་པ་བདེན་ཡང༌། ཤེས་ཡོན་འཕེལ་རིམ་གྱི་དུས་ཡུན་ལ་ལྟོས་ནས་བཤད་ན་སྐར་ཆ་གཅིག་གི་དུས་ཡུན་ཙམ་ཡིན་པ་ཡང་ཤེས་དགོས། དེ་ལས་གཞན་ང་ཚོ་བོད་པ་རྣམས་བློ་གྲོས་དང་ཤེས་རབ་དམན་པ་མིན་ཞིང༌། བརྩོན་འགྲུས་དང་སྙིང་རུས་སྐྱོ་བ་དེ་ལས་མིན་ནོ།།       གོང་གི་དེ་དག་དཔེ་ཞིག་དྲངས་ནས་བཤད་ན། བོད་བརྒྱུད་ནང་བསྟན་ཆེན་མོ་གངས་རིའི་ར་བ་བརྒལ་ནས་ཡུལ་གཞན་དར་རིམ་ལ་ལྟོས་ནས་འཕེལ་རྒྱས་ཀྱི་གོམ་ཁ་སྒྱུར་བཞིན་པ་ལས། ལོ་བཅུ་ཕྲག་འགའ་ཡི་འབད་བརྩོན་ལ་བརྟེན་ནས་གངས་ཅན་པའི་མཁས་གྲུབ་ཆེན་པོ་དག་གི་རྗེས་ཟིན་པ་སུ་ཡང་མེད། དེ་ནི་ཁོ་ཚོའི་བློ་དང༌། རིག་པ། བརྩོན་འགྲུས་སོགས་གང་གིས་མ་འཇོན་པ་མིན་པར། ཁོ་ཚོའི་སློབ་གཉེར་བྱེད་བཞིན་པའི་སྐབས་དང། ཡང་ན་ཉམས་སུ་ལེན་པའི་སྐབས་སུ་ཅི་ཞིག་མ་ཚང་བ་ལྟ་བུ་ཞིག་འོངས་བས། དེ་ནི་མི་རིགས་རང་རང་གི་གོམས་གཤིས་དང་མཐུན་པའི་མི་རབས་ནས་མི་རབས་བར་གསོག་སྒྲུབ་བྱས་པའི་ཉམས་མྱོང་གི་རྒྱུན་ཐག་བར་མ་ཆད་པའི་རང་བཞིན་ལྟོས་བཅས་ཀྱི་གནད་དེ་མ་ཚང་བའི་དབང་གིས་ཡིན་པ་དེ་ཤེས་དགོས།       གོང་དུ་དྲངས་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་རེ་བོད་ཀྱི་དུས་རབས་བརྒྱད་པ་དགུ་པའི་ཤེས་ཡོན་ལམ་སྲོལ་ནས། དུས་རབས་ཉི་ཤུ་པའི་གྲལ་དུ་མཆོངས་པ་དང་ཡང་ན་འཚངས་པ་ནི་མདུན་བསྐྱོད་ཆེན་པོ་ཞིག་ཡིན་པས་དགའ་བ་སྒོམ་ལོས་འོས། ད་དུང་ང་ཚོས་འདས་པའི་བྱུང་རབས་ལ་བསམ་བློ་བཏང་ན་བློ་སྟོབས་ཆེན་པོས། གསར་བརྗེ་དང༌། མདུན་བསྐྱོད་ལས་བྱུང་བའི་ཉམས་མྱོང་ཇི་ཙམ་གཏིང་ཚུགས་པ་དང༌། ཇི་ཙམ་མྱུར་བ་དེ་ཙམ་གྱིས་ཤེས་ཡོན་འཕེལ་ཁ་མགྱོགས་པ་ནི་ལྟོས་བཅས་ཀྱི་རང་བཞིན་ཡིན་པས་ཤིན་ཏུ་འབད་པ་རིགས་སོ།། ཚུལ་འདི་ནི་དེང་སང་བརྒྱུད་ལམ་མང་པོ་ཞིག་ནས་ཤེས་ཡོན་གྱི་སྐོར་བཤད་པ་དང་བྲིས་པ་མཐོང་ཐོས་བྱུང་བའི་རྐྱེན་གྱིས་ཐོལ་བྱུང་དུ་བྲིས།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།