འཆོལ་ཉོག་ཏུ་གྱུར་པའི་ཡང་སྲིད་ལམ་ལུགས།

    བོད་དེ་ཆོས་ལྡན་གྱི་མི་རིགས་ཤིག་ཡིན་པ་དང་དུས་ཡུན་གང་ཙམ་ནས་རིམ་བཞིན་ཡང་སྲིད་ངོས་འཛིན་བྱེད་པའི་ལུགས་སྲོལ་ཞིག་བོད་ཀྱི་ཆོས་བརྒྱུད་ཁག་ཚང་མར་དར་བ་དང༌། དེ་ལ་གནའ་དེང་གཉིས་སུ་ལྟ་སྟངས་མི་འདྲ་བ་མང་པོ་ཞིག་ཡོད་ནའང༌། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་བོད་མི་རིགས་ཀྱི་བསམ་བློ་གཅིག་གྱུར་དང་རིག་གཞུང་རྒྱུན་འཛིན་སོགས་ལ་ཕན་ནུས་རྒྱ་ཆེན་པོ་ཐོན་ཡོད། འདས་པའི་ལོ་རྒྱུས་ནང་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་དེང་དུས་ལྟར་མིན་པར་ཆོས་ཕྱོགས་ནས་བརྟག་ཐབས་འདྲ་མིན་ལ་བརྟེན་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱེད་པ་སོགས་ལམ་སྲོལ་ཡག་པོ་ཡོད་ཀྱང༌། ད་ལྟའི་ཆར་རྒྱ་དམར་ཆོས་མེད་གཞུང་གིས་ཆབ་སྲིད་ཀྱི་དགོས་དབང་དང་བསྟུན་ནས་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བཙན་དབང་གིས་ལག་པ་འཆང་བཞིན་པ་མ་ཟད། བཀའ་ཨང་ལྔ་པ་ཟེར་བའི་ཁྲིམས་ཡིག་ཅིག་གཏན་འབེབས་དང་འབྲེལ་ནས་ཆོས་མཐུན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ། ཆོས་མེད་རྒྱ་དམར་གཞུང་གིས་སྲིད་དོན་གྱི་ལག་ཆ་རུ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

དེ་བཞིན་ད་ལྟའི་ཆར་རྒྱ་ནག་ནང་ཏུ་འགྲོ་བའི་སྐབས་གྲྭ་རྐྱང་དཀྱུས་མ་ལས་སྤྲུལ་སྐུའི་མིང་ཁུར་ནས་སོང་ན་རྙེད་པ་ཆེ་ཆུང་ལ་ཁྱད་པར་ཡོད་པས། དེའི་སྐོར་ལ་དང་འདོད་ཤུགས་ཆེན་པོ་བྱས་ནས་གྲྭ་པ་དང་མི་སྐྱ་མང་པོ་ཞིག་གིས་སྤྲུལ་སྐུའི་མིང་ཁུར་ནས་རྒྱ་ནག་ཏུ་སོང་སྟེ་མགོ་སྐོར་གཏོང་བཞིན་ཡོད་པ་རེད། བཙན་བྱོལ་ཁྲོད་དུའང་མང་པོ་ཞིག་གིས་རང་དང་འབྲེལ་ཡོད་བླ་སྤྲུལ་ཞིག་གམ་ཡང་ན་མི་ཆེན་པོ་ཞིག་བརྒྱུད་ནས་བླ་མ་གཅིག་གི་དྲུང་ནས་སྤྲུལ་སྐུ་ཡིན་པའི་རྒྱབ་གཉེར་ཞིག་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རག་ཐབས་བྱེད་པ་དང༌། དེ་ནས་རིམ་པ་བཞིན་ཆོས་བརྒྱུད་སོ་སོའི་བླ་ཆེན་དང་དབུ་འཛིན་སོགས་ནས་རྒྱབ་གཉེར་རག་རྒྱུར་འབད་བརྩོན་བྱེད་པའི་ཚེ་སྔོན་དུ་རྒྱབ་གཉེར་གཅིག་ཡོད་པས་ཅུང་ཙམ་ལས་སླ་རུ་སོང་ཡོད་པ་དང༌། རྒྱབ་གཉེར་དེ་རག་པའི་རྗེས་སུ་སྐུ་སྒེར་ཡིག་ཚང་ནས་ཀྱང་རྒྱབ་གཉེར་ལེན་ཐབས་བྱེད་རྒྱུ་ཡོད་པ་རེད།ཀུན་སྤྱོད་དང་ཤེས་ཡོན་གང་ཡང་མེད་པ་དག་གིས་ཤོག་ཐོག་ཏུ་བྲིས་པའི་རྒྱབ་གཉེར་ལ་བརྟེན་ནས་སྤྲུལ་སྐུའི་མིང་ཁུར་བ་འདི་ལ་ད་ལྟའི་ཆར་”ཤོག་བུའི་སྤྲུལ་སྐུ”]ཞེས་འབོད་སྲོལ་ཆགས་ཡོད་པ་དང༌། བླ་ཆེན་གྱི་མཚན་གནས་ཡོད་པ་ཁག་ཅིག་གིས་ཀྱང་ཡིག་ངག་གཉིས་ནས་སྤྲུལ་སྐུ་རྫུན་མ་རྣམས་ཞེས་བཀའ་བཀྱོན་གནང་བཞིན་ཡོད་ཀྱང༌། དོན་དུ་ཁོང་ཉིད་”༟༟ཤོག་བུའི་སྤྲུལ་སྐུའི་”འབྱུང་ཁུངས་ལྟ་བུར་གྱུར་ཡོད་ཚུལ་འདུག ད་ལྟའི་ཆར་བོད་པ་ཙམ་དུ་མ་ཟད་རྒྱ་ནག་དང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུའང་དེའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང༌། རྡོ་རྗེ་འཆང་དང༌། བྱམས་པ་མགོན་པོ། གུ་རུ་རིན་པོ་ཆེ་སོགས་ཀྱི་སྤྲུལ་སྐུ་ཡིན་ཚུལ་བརྗོད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་རེད།
    ཉེ་ཆར་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དང༌། འདི་ལ་བརྟེན་ནས་རིས་མེད་ཆོས་བརྒྱུད་ཀུན་གྱི་ཐོས་བསམ་སློབ་གཉེར་ཡར་རྒྱས་གཏོང་ཐབས་སོགས་ཐུགས་འགན་མང་དག་ཅིག་ཡོད་ནའང༌། ཆོས་དོན་ལྷན་ཚོགས་གསར་འཛུགས་གནང་མཚམས་ཐོག་མའི་ལས་འཆར་དང་པོ་དེ་ཡང་སྲིད་ངོས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་དེ་འཐུས་ཚང་དུ་གཏོང་བར་འབད་བརྩོན་གནང་དགོས་པ་ལྟ་བུར་གྱུར་ཡོད། བོད་པའི་ལུགས་སྲོལ་ཁྲོད་ཡང་སྲིད་རྣམས་དགོན་སྡེ་ཁག་ཏུ་བརྩི་མཐོང་དང༌། གོ་གནས་སྐུ་དབང་བཅས་ཆེ་ཤོས་ཡིན་པས་སྤྱི་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པའི་ཆོས་ལུགས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པ་དང༌། ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་དེ་འཆོལ་ཉོག་ཏུ་གྱུར་ནས་གང་ཟག་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་རྩོད་ལེན་བྱེད་རྒྱུའི་གནས་སྟངས་ཤིག་ཏུ་གྱུར་སོང་ན། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་ཡོད་པ་ལས་ཀྱང་མེད་ན་དགའ་བའི་ཚོད་དུ་སླེབས་པ་ཡིན་པས། ཁེ་ཕན་ཉི་ཚེ་བ་རེའི་ཆེད་དུ་རང་ཉིད་ཀྱིས་རང་ཉིད་ངོས་འཛིན་བྱས་ནས་སྤྲུལ་མིང་འཛིན་པ་དང༌། མགོ་བདེ་དྲན་འཕྲུལ་མགོ་སྐོར་གྱི་རང་བཞིན་ལ་བརྟེན་ནས་ཤོག་བུའི་སྤྲུལ་སྐུའི་མིང་གནས་འཛིན་པ་འདི་དག་ལ་ཆོས་དོན་ལྷན་ཚོགས་ནས་སྟངས་འཛིན་དོ་དམ་ཡག་པོ་གནང་དགོས་པ་ཧ་ཅང་གལ་ཆེ་བ་དང༌། དེ་འབྲེལ་བཞིན་སྐུ་སྒེར་ཡིག་ཚང་ནས་ཀྱང་ཐུགས་སྣང་གནང་ནས་ཞིབ་བཤེར་གནང་རྒྱུ་དང༌། སླད་ཕྱིན་འདི་ལྟར་མི་ཡོང་བའི་ཐོག་ལ་དམ་དོན་གནང་མ་ཐུབ་ན་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་མཁན་དུ་གྱུར་འདུག་སྙམ་པའི་ཚོར་སྣང་ཞིག་རང་བཞིན་གྱིས་ཡོང་གི་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།