འཛིན་གྲྭ་དྲུག་པའི་སློབ་དེབ་ནང་གི་རྒོལ་སྔ་ཕྱི་དང་མུ་གསུམ་སྒྲིག་སྟངས་ལ་རགས་ཙམ་དཔྱད་པ།

 ཌལ་ཧོར་གནས་སྡོད། བྱམས་ཆེན།
དཔལ་ལྡན་རང་གཞུང་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་བསྐྱར་ཞིབ་དང་གཏན་འབེབས་བྱས་ཤིང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༠༢ ལོར་འགྲེམས་སྤེལ་ཐོག་མར་བྱས་པ་ནས། ཕྱི་ལོ་༢༠༠༥ བར་དཔར་སྐྲུན་ཐེངས་བཞི་ཙམ་བྱས་ཟིན་པའི་འཛིན་གྲྭ་དྲུག་པའི་རིགས་ལམ་ནང་ཆོས་སློབ་དེབ་ནང་རྩོད་པ་བྱེད་པའི་གང་ཟག་ངོས་འཛིན་བྱེད་པའི་སྐབས་སུ། ༼སློབ་དེབ་ལས། དམ་བཅའ་བའམ་རིགས་སློང་པ་སྟེ་སྔ་རྒོལ་དང༌། དམ་བཅའ་སུན་འབྱིན་བྱེད་པའི་ཕྱི་རྒོལ། དེ་གཉིས་ཀྱི་བར་ཡིན་མིན་ཐག་གཅོད་བྱེད་མཁན་དཔང་པོ་དང་བཅས་ཡོད།༽ ཅེས་རྩོད་པ་བྱེད་པའི་གང་ཟག་ངོས་འཛིན་བྱེད་སྐབས་གང་ཟག་མི་འདྲ་བ་གསུམ་ལ་ངོས་འཛིན་བྱས་ཡོད། ཐོག་མ་དེར་སྔ་རྒོལ་ངོས་འཛིན་བྱེད་སྐབས་དམ་བཅའ་བའམ་རིགས་སློང་པ་སྟེ་སྔ་རྒོལ་དང་ཞེས་བརྗོད་དེ། དམ་བཅའ་བའམ་རིགས་སློང་པ་ཟེར་པ་ནི་སྔ་རྒོལ་གྱི་གང་ཟག་དེ་རེད་ཅེས་གང་ཟག་གཅིག་ཉིད་ལ་ངོས་འཛིན་བྱས་ཡོད། གལ་སྲིད་ཐ་སྙད་དེ་གསུམ་སྔ་རྒོལ་གྱི་གང་ཟག་གཅིག་ཉིད་ལ་འཇུག་པ་ཡིན་ན། དེ་མ་ཉིད་དུ་༼སློབ་དེབ་ལས། རྩོད་པ་དངོས་ཀྱི་སྐབས་སུ། རིགས་སློང་པས་བརྩད་བྱའི་གཞི་སྟེ་རྩོད་གཞི་དང༌། ཐལ་བར་སློང་བའི་གསལ་བ། སྒྲུབ་པར་བྱེད་པའི་རྟགས་སོགས་ཚང་བའི་རིགས་ལམ་ཡང་དག་པ་མང་དུ་བཀོད་དེ། དམ་བཅའ་བའི་ཁས་ལེན་བཤིག་ཅི་ཐུབ་བྱ་བ་དང༌།༽ཞེས་རིགས་སློང་པ་ཞེས་པ་ནི་སྔ་རྒོལ་དང༌། དམ་བཅའ་བ་ཞེས་པ་ནི་ཕྱི་རྒོལ་ལ་ངོས་འཛིན་མཛད་དེ། གང་གི་དམ་བཅའ་བའམ་རིགས་སློང་པ་སྟེ་སྔ་རྒོལ་དང་ཞེས་པ་དང་སྔ་ཕྱི་འགལ་བར་གྱུར་ཡོད། བསྐྱར་ཞིབ་ཚོགས་ཆུང་ནང་ཡོད་པའི་མཁས་མྱོང་ལྡན་པའི་མི་ངོ་འདི་དག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མིའི་མཚན་བཀོད་པ་ཙམ་ལས་ཁ་ཡོད་ལག་ཡོད་ཀྱི་བལྟ་ཀློག་གིས་བསྐྱར་ཞིབ་ཚད་ལྡན་ཡག་པོ་ཞིག་གནང་གི་ཡོད་དམ་སྙམ། འོ་ན་སྐབས་འདིར་རྒོལ་སྔ་ཕྱི་གཉིས་འཇོག་ཚུལ་ཇི་ལྟར་ཡིན་ནམ་ཞེ་ན། དེ་ཡང་གདན་ས་ཆེན་པོ་འབྲས་སེར་དགའ་གསུམ་གྱི་ཆོས་རྭའི་ནང་དུ། ཕྱོགས་སྔའི་ནང་མ་ལོངས་གོང་དགག་པའི་ཉི་མ་ཤར་ཞེས་ཡོངས་སུ་གྲགས་པ་བཞིན། དམ་བཅའ་བའམ་སྔ་རྒོལ་གྱི་གང་ཟག་དེ་ལ། སྔ་རྒོལ་ཞེས་ཟེར། རིགས་སློང་པའམ་ཕྱི་རྒོལ་གྱི་གང་ཟག་དེ་ལ། ཕྱི་རྒོལ་ཞེས་ཟེར་བ་ཡིན། འདི་ཉིད་རྒྱབ་བརྟེན་གྱི་ཁུངས་ལུང་དང་བཅས་པའི་མཁས་པའི་བཞེད་དགོངས་རྨ་མེད་པའོ།།

   ཁ་ཅིག་རྒོལ་སྔ་ཕྱི་འཇོག་ཚུལ་ལ་འདི་ལས་ལྡོག་སྟེ་བཤད་ཀྱང་ཁུངས་དང་རྒྱུ་མཚན་གང་ཡོད་འཚོལ་དགོས་པར་སྣང༌། ཡང་སློབ་དེབ་ཏུ་གསལ་བ་བཞིན་དཔང་པོ་ཞེས་པའི་གང་ཟག་གསུམ་པ་ཞིག་ངོས་འཛིན་བྱེད་སྲོལ་ཡོད་ཀྱང༌། ཡོད་མེད་དང་ཡིན་མིན་ཐག་གཅོད་བྱེད་མཁན་གང་ཟག་གསུམ་པ་གཤིན་རྗེ་ཆོས་རྒྱལ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་པ་ཡིན་ན། མདོ་ལས། བསྲེག་བཅད་བརྡར་བའིགསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ་ཞེས་དང༌། རྗེ་བདག་ཉིད་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་ལས། མཐར་གཏུགས་ན་དྲི་མ་མེད་པའི་རིག་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར། ཞེས་གསུངས་ཏེ་དཔང་པོ་གང་ཟག་ལ་མི་མཛད་པ་ཡང་དག་པའི་རིགས་པའམ་ཡང་དག་པའི་རྒྱུ་མཚན་ཞིག་ལ་ངོས་འཛིན་བྱེད་དགོས་པ་གསུངས་འདུག་པས། དེ་དག་དང་མི་འགལ་བ་ཞིག་ཇི་ལྟར་བྱ་དགོས་མིན་བརྟག་དགོས་སོ། སྐབས་དོན་དཔྱད་བྱ་གཙོ་བོ་ནི་འདི་ཡིན་ཏེ། སློབ་དེབ་དེ་གའི་ནང་མུ་གསུམ་སྒྲིག་སྟངས་སྟབས་བདེ་ཞིག་བཟོས་ཏེ་ཕལ་ཆེར་གསར་བཏོད་དང་ཡར་རྒྱས་ཤིག་བཏང་བའི་ཁུལ་མིན་ནམ་སྙམ། སློབ་དེབ་ནང་གསལ་ལྟར་བཀོད་ན། ༡ དཀར་པོ་ཡིན་ན། ཁ་དོག་ཡིན་པས་ཁྱབ་པའི་མུ། ༢ ཁ་དོག་དང་དཀར་པོ་གཉིས་ཀ་ཡིན་པའི་མུ། ༣ ཁ་དོག་དང་དཀར་པོ་གཉིས་ཀ་མ་ཡིན་པའི་མུ་བཅས་སོ། ཞེས་བཀོད་པ་འདིར་ཅུང་སྙིང་ཁམས་ཆེ་དྲགས་པ་མིན་ནམ་སྙམ། སློབ་དེབ་ནང་བཀོད་པའི་མུ་གསུམ་གྱི་དཔེ་མཚོན་འདི་ལ་བལྟས་ན། རིགས་ལམ་ཚད་ལྡན་ཡོད་མཁན་ཞིག་གིས་མུ་གསུམ་སྒྲིག་སྟངས་ཕར་བཞག་མུ་ཞེས་པའི་ཡིག་འབྲུ་གཅིག་གི་འབྲུ་དོན་ཙམ་ལའང་དགོངས་པ་མ་བཞེས་པའི་རང་ཚང་ཕྱི་རུ་གསལ་འདུག་པའི་ཕྱིར། སྤྱིར་མུ་ཞེས་པ་ནི་ནམ་མཁའ་མུ་མཐའ་མེད་པ་ཞེས་དང༌། སློབ་སྦྱོང་མུ་མཐུད་ཅེས་པ་ལྟར་མཐའ་འམ་མཚམས་དང་ཟུར་ལ་གོ་དགོས་པར་བཤད། འོན་ཀྱང་གོང་གསལ་དཀར་པོ་ཡིན་ན་ཁ་དོག་ཡིན་པས་ཁྱབ་པའི་མུ་ཞེས་པ་འདི་སུ་དང་གང་གི་མཐའ་དང་ཟུར་ཡིན་མིན་བརྟག་དགོས་པར་སྣང༌། སྐབས་འདིར་ཐལ་བ་ཆུང་ཆུང་ཞིག་གཏོང་བ་ཡིན་ན་སྔོན་མེད་ལེགས་པར་བཤད་པའི་མུ་གསུམ་འདི་དང་འབྲེལ་བ་ཡོད་པའི་མཁས་མྱོང་ལྡན་པ་ཁྱེད་ཅག་གི་ལུགས་ལ་དཀར་པོ་དང་ཁ་དོག་གཉིས་ལ་མུ་བཞི་ཡོད་པ་ཐལ། ཁ་དོག་ཡིན་ན་དཀར་པོ་ཡིན་པས་མ་ཁྱབ་དེ་ཚད་མ་པ་ལ་གྲགས་པའི་མུ་གང་ཞིག དཀར་པོ་ཡིན་ན་ཁ་དོག་ཡིན་པའི་ཁྱབ་པ་སོགས་གཞན་གསུམ་ཁྱེད་ཅག་གིས་ཁས་བླངས་པའི་མུ་ཡིན་ཕྱིར། འདོད་ན་ཁྱེད་ཅག་གི་ལུགས་ལ་མུ་གསུམ་མེད་པར་ཐལ་ལོ། རྟགས་དང་པོ་མ་གྲུབ་ན་ཁྱེད་ཅག་གི་ལུགས་ལ་མུ་བཞི་མེད་པར་ཐལ་ཏེ། དེ་མ་ཡིན་པའི་མུ་གཞན་ཞིག་ཚད་མ་པ་ལ་མ་གྲགས་པའི་ཕྱིར་རོ། སྤྱིར་བཏང་མུ་གསུམ་སྒྲིག་སྐབས་ཚད་མའི་གཞུང་ལུགས་ནང་གསལ་བའི་བརྡ་ཆད་གང་ཡོད་ཆ་ཚང་བེད་སྤྱོད་གཏོང་མ་ཐུབ་ན་རིགས་ལམ་བསླབ་པའི་དགོས་དོན་བསྒྲུབ་མི་ཐུབ། དཔེར་ན་སྔོན་འཇུག་གི་ཡི་གེ་དང༌། ཡི་གེ་གཉིས་ལྟ་བུར་མུ་གསུམ་སྒྲིག་སྐབས་སུ། དེ་གཉིས་ལ་མུ་གསུམ་ཡོད་ན་གཉིས་ཀ་ཡིན་པའི་མུ་ཞོག གཉིས་ཀ་མ་ཡིན་པའི་མུ་ཞོག ཅིག་ཤོས་ཡིན་ན་ཅིག་ཤོས་ཡིན་པའི་མ་ཁྱབ་པའི་མུ་ཞོག་ཅེས་པའི་མུ་གསུམ་སྒྲིག་སྟངས་འདིའི་ཕྲུ་གུ་རྣམས་རིགས་ལམ་ཡོད་པ་ཞིག་བཟོ་ཐུབ་རྒྱུ་ཁག་པོ་རེད་སྙམ། ཕྲུ་གུ་རྣམས་ལ་རིགས་ལམ་བསླབ་ཀྱི་ཡིན་ན་ཚད་མའི་གཞུང་ལུགས་དང་མཐུན་པའི་མུ་གསུམ་མཚན་ཉིད་ཚང་བ་ཞིག་བསླབ་དགོས་པ་ཡིན། མུ་གསུམ་སྒྲིག་སྐབས་ཐ་སྙད་བེད་སྤྱོད་གཏོང་སྟངས། དཔེར་ན། དཀར་པོ་དང་ཁ་དོག་གཉིས་ལ་མུ་གསུམ་སྒྲིག་པ་ཡིན་ན།
     ༡ ཐོག་མར་ཕྱི་རྒོལ་གྱིས་སྔ་རྒོལ་ལ། དཀར་པོ་དང་ཁ་དོག་གཉིས་ལ་མུ་གསུམ་དང༌། མུ་བཞི། འགལ་བ། དོན་གཅིག་གང་གི་ཁྱད་པར་མེད་པའི་ཕྱིར་ཞེས་གསུང་དགོས། ༢ སྔ་རྒོལ་གྱི་ལན་ལ། ཁྱད་པར་མེད་པ་རྟགས་མ་གྲུབ། མུ་གསུམ་ཡོད་ཅེས་ལན་འབུལ་དགོས། ༣ ཕྱི་རྒོལ་དེས་སྔ་རྒོལ་ལ། དཀར་པོ་དང་ཁ་དོག་གཉིས་ལ་མུ་གསུམ་མེད་པ་ཐལ། གང་ལ་གང་གིས་ཁྱབ་ཅེས་གསུང་དགོས། ༤ སྔ་རྒོལ་དེས་ལན་ལ། དཀར་པོ་ཡིན་ན་ཁ་དོག་ཡིན་པས་ཁྱབ། ཁ་དོག་ཡིན་ན་དཀར་པོ་ཡིན་པས་མ་ཁྱབ་ཅེས་ལན་འབུལ་དགོས། ༥ ཕྱི་རྒོལ་གྱིས་ཁ་དོག་ཡིན་ན་དཀར་པོ་ཡིན་པས་མ་ཁྱབ་ན་ཞོག་ཞེས་གསུང་དགོས། ༦ སྔ་རྒོལ་གྱིས་ལན་ལ། ཤོག་བུ་དམར་པོའི་ཁ་དོག་ཆོས་ཅན་ཞེས་ལན་ཕུལ་ན་འགྲིག། འདི་ནི་མུ་དང་པོ་ཡིན།        ༧ དེ་ནས་ཡང་ཕྱི་རྒོལ་དེས་སྔ་རྒོལ་ལ། ད་མ་ཡིན་པར་ཐལ་གཉིས་ཀ་ཡིན་པའི་མུ་འཇོག་རྒྱུ་མེད་པའི་ཕྱིར་ཞེས་འདྲི་དགོས། ༨ སྔ་རྒོལ་གྱི་ལན་ལ། རྟགས་མ་གྲུབ་ཅེས་ལན་ཕུལ་དགོས། ༩ ཕྱི་རྒོལ་དེས་གཉིས་ཀ་ཡིན་པ་འཇོག་རྒྱུ་མེད་པར་ཐལ་ཞོག་ཞེས་གསུང་དགོས། ༡༠ སྔ་རྒོལ་གྱི་ལན་ལ། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན་ཞེས་ལན་ཕུལ་ན་འགྲིག། འདི་ནི་མུ་གཉིས་པ་ཡིན།          ༡༡ ཡང་ཕྱི་རྒོལ་དེས། ད་མ་ཡིན་པར་ཐལ་གཉིས་ཀ་མ་ཡིན་པའི་མུ་འཇོག་རྒྱུ་མེད་པའི་ཕྱིར ཞེས་གསུང་དགོས། ༡༢ སྔ་རྒོལ་གྱི་ལན་ལ། རྟགས་མ་གྲུབ་ཅེས་ལན་ཕུལ་དགོས། ༡༣ ཕྱི་རྒོལ་དེས་གཉིས་ཀ་མ་ཡིན་པ་འཇོག་རྒྱུ་མེད་པར་ཐལ་ཞོག་ཞེས་གསུང་དགོས། ༡༤ སྔ་རྒོལ་གྱི་ལན་ལ། ཤེས་རིག་གི་སློབ་དེབ་བསྐྱར་ཞིབ་པ་རྣམས་ཆོས་ཅན་ཞེས་ལན་ཕུལ་ན་འགྲིག། འདི་ནི་མུ་གསུམ་པ་ཡིན། དཀར་པོ་དང་ཁ་དོག་གཉིས་ལ་མུ་གསུམ་སྒྲིག་པའི་སྐབས་འདིར་མུ་གསུམ་པོ་དེ་དག་སུ་དང་གང་གི་མཐའ་དང་ཟུར་རེད་ཅེས་ན། ༡ ཤོག་བུ་དམར་པོའི་ཁ་དོག་འདི། ཁ་དོག་ཡིན་ལ་དཀར་པོ་མ་ཡིན་པའི་མུའམ་ཟུར་དང༌། ༢ ཆོས་དུང་དཀར་པོའི་ཁ་དོག་འདི། དཀར་པོ་དང་ཁ་དོག་གཉིས་ཀ་ཡིན་པའི་མུའམ་ཟུར་དང༌། ༣ ཤེས་རིག་གི་སློབ་དེབ་བསྐྱར་ཞིབ་པ་རྣམས། དཀར་པོ་དང་ཁ་དོག་གཉིས་ཀ་མ་ཡིན་པའི་མུའམ་ཟུར་ཡིན་ནོ།།         གལ་སྲིད་སློབ་དེབ་ནང་གསལ་ལྟར་མགོ་རྙོག་མེད་པ་དུས་རབས་ཉེར་གཅིག་པའི་མུ་གསུམ་སྟབས་བདེ་ཞིག་སྒྲིག་པ་ཡིན་ནའང་གཞུང་ལུགས་དང་མི་འགལ་བ་ལམ་ལུགས་དང་མཐུན་པ་ཞིག་སྒྲིག་དགོས་པ་ཡིན། དཔེར་ན། ཡི་གེ་དང་རྗེས་འཇུག་གི་ཡི་གེ་ལ་མུ་གསུམ་སྒྲིག་པ་ཡིན་ན། ༡ ཡི་གེ་ཡིན་ན། རྗེས་འཇུག་གི་ཡི་གེ་ཡིན་པའི་མ་ཁྱབ་པའི་མུ། དཔེར་ན། ཀ་ཞེས་པའི་ཡི་གེ་ལྟ་བུ། ༢ ཡི་གེ་དང༌། རྗེས་འཇུག་གི་ཡི་གེ་གཉིས་ཀ་ཡིན་པའི་མུ། དཔེར་ན། ག་ཞེས་པའི་ཡི་གེ་ལྟ་བུ། ༣ ཡི་གེ་དང༌། རྗེས་འཇུག་གི་ཡི་གེ་གཉིས་ཀ་མ་ཡིན་པའི་མུ། དཔེར་ན། ང་རྒྱལ་གྱི་བློ་ལྟ་བུ། ཞེས་སྒྲིག་ན་ལེགས་པ་སེམས། སྐབས་འདིར་མུ་བཞི་སྒྲིག་སྟངས་ཞིག་འབྲི་དགོས་པ་འདུག་ཀྱང་རེ་ཞིག་དེ་ཙམ་མོ།། ཕྲ་མོ་ཁབ་ཀྱི་བུ་གའི་རིགས་ལམ་མིག།། ཅུང་ཟད་ཕྱེ་ནས་དཔྱད་པའི་ཟོལ་མེད་གཏམ།། མཁས་རློམ་ང་རྒྱལ་ཅན་ལ་དོན་ཆུང་ཡང༌། །དཔྱོད་ལྡན་བློ་གསར་འགའ་ལ་དོན་ཡོད་སྲིད།། གཏམ་འདི་དོན་ཆུང་ལྟ་བུ་སྣང་ཡང་དོན་ཆེ་ལ་བསམ་ནས་དཔྱོད་ལྡན་རྣམ་པའི་སྤྱན་ལམ་དུ་ཕུལ་བ་ལགས་ན་ཁ་ལོ་མེད་པའི་རྟ་རྒོད་ཀྱིས་མོ་ཊ་མཐོང་བ་བཞིན་དུ་འདྲོག་མི་འགྲོ་བའི་རེ་བ་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།