བདག་ལ་མཐའ་མ་ཡོད་མེད་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༤  

འདོན་ཐེངས་སྔོན་མའི་འཕྲོས།    དེ་འདྲ་ཡིན་དུས་ཉོན་མོངས་ལ་གཉེན་པོ་བསྟེན་ནས་ཤུགས་ཆུང་དུ་གཏོང་བ་དང༌། རིམ་པས་ཉོན་མོངས་སྤང་རྒྱུ་ཡོད་རེད། རྩ་བའི་གསལ་རིག་ཙམ་གྱི་བདག་ཉིད་དུ་ཡོད་པ་དེ་དང་ཕྱིན་ཅི་ལོག་གི་བློ་གཉིས་པོ་དེ་ཁག་ཁག་རེད། དེ་གཉིས་ཐ་དད་དུ་གནས་པ་རེད། གསལ་རིག་ཙམ་གྱི་བདག་ཉིད་དེ་གཉེན་པོ་གང་ཡང་མེད་པ་རེད། དེའི་འགལ་ཟླར་གྱུར་པའི་གཉེན་པོ་སྟོབས་ལྡན་གང་ཡང་ཡོད་མ་རེད། ཕྱིན་ཅི་ལོག་གི་བློ་ཞིག་ཡིན་ཕྱིན་ཆད་ལ་དོན་དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བློ་ཞིག་ཆགས་པ་ཡིན་དུས། དོན་དངོས་པོའི་གནས་ཚུལ་ཇི་ལྟར་གནས་པ་དེ་སྲིད་དུ་ཕྱིན་ཅི་ལོག་པའི་བློ་དེར་འགལ་ཟླ་ཡོད་པ་རེད། རང་གི་རྒྱུད་ལ་སྐྱེས་མ་སྐྱེས་སྐད་ཆ་རེད་མ་གཏོགས་སྤྱིར་ཤེས་བྱ་དེ་ཡོད་རེད། དཔེར་ན། མདུན་དུ་ཡོད་པའི་མེ་ཏོག་ཟིང་དཀར་དེ་མིག་གི་སྐྱོན་གྱིས་ངས་དེ་སེར་པོ་ཞིག་ཏུ་མཐོང་བ་ཡིན་ན། འཇིག་རྟེན་གྲགས་ཚོད་ཀྱིས་ཟིང་དཀར་དུ་ཡོད་རེད་དེ། ངའི་མིག་གི་སྐྱོན་གྱི་དབང་གིས་ཟིང་དཀར་དེ་ལ་དུས་ནམ་ཞིག་བར་འགལ་ཟླ་ཡོད་པ་རེད།

ག་རེ་རེད་ཅེས་ལབ་ན། སེར་པོ་མཐོང་བའི་བློ་དེ་གློ་བུར་བའི་རྐྱེན་ཞིག་གིས་སེར་པོ་མཐོང་བ་རེད་མ་གཏོགས་དོན་ལ་སེར་པོ་བསྡད་ཡོད་མ་རེད། དོན་ལ་སེར་པོ་མེད་པ་དང་ཟིང་དཀར་ཡིན་པ་དེ་མ་འཇིག་བར་དུ་ཟིང་དཀར་རང་འདུག་གི་རེད་པཱ། དེ་འདྲ་ཡིན་དུས་མིག་གི་སྐྱོན་མེད་པའི་གནས་སྐབས་ཆགས་སོང་ན། གནས་སྐབས་དེ་ནས་ཟིང་དཀར་མཐོང་གི་རེད་པཱ། ཟིང་དཀར་དུ་མཐོང་བའི་བློ་དེ་སེར་པོ་མཐོང་བའི་བློ་དེ་ལ་འཛིན་སྟངས་འགལ་བ་རེད། སེར་པོ་འཛིན་པའི་བློ་དེ་དང་ཟིང་དཀར་འཛིན་པའི་བློ་དེ་གཉིས་འགལ་ཟླ་རེད། འཛིན་སྟངས་འགལ་བ་རེད། འཛིན་སྟངས་འགལ་བ་ཡིན་པ་ལ་ཟིང་དཀར་འཛིན་པའི་བློ་དེ་དོན་ལ་གནས་བསྡད་ཡོད་རེད། སེར་པོ་འཛིན་པའི་བློ་དེ་འཛིན་སྟངས་ཀྱི་ཡུལ་དོན་ལ་གནས་ཡོད་མ་རེད། དེ་གཉིས་འགལ་ཟླ་རེད། འགལ་ཟླ་ཡིན་པ་ཙམ་དུ་མ་ཟད། སེར་པོ་འཛིན་པའི་བློ་དེ་གློ་བུར་བའི་ཐོག་ནས་སེར་པོ་མཐོང་བ་རེད་མ་གཏོགས་རོགས་པ་ཞིག་སྐད་བཏང་ནས་སེར་པོ་རེད་དམ་ལབ་ན་མ་རེད་ཅེས་ལབ་ཀྱི་རེད་པཱ། མིག་དེར་སེར་པོ་མཐོང་བ་དེ་མེད་པ་ཆགས་སོང་བ་ཡིན་ན། བསྐྱར་བལྟ་བྱས་ན་ཟིང་དཀར་མཐོང་གི་རེད་པཱ། འཁྲུལ་པའི་དབང་གིས་སེར་པོ་མཐོང་བ་མ་གཏོགས། དོན་ལ་གནས་མེད་པ་ཡིན་དུས་དེ་ལ་རྒྱབ་རྟེན་ཚད་མ་མེད་པ་རེད། ཟིང་དཀར་མཐོང་བའི་བློ་དེ་ལ་ཡང་ནས་ཡང་དུ་བལྟ་བ་དང༌། གཞན་ཞིག་སྐད་བཏང་ནས་དྲིས་དུས་མཐུན་སྣང་གིས་ཟིང་དཀར་རེད་ལབ་དུས་དེ་ལ་རྒྱབ་རྟེན་ཚད་མ་འདུག་གཱ བསྙོན་མེད་དུ་སྒྲུབ་ཐུབ་ཀྱི་འདུག་གཱ
    ཚན་རིག་པ་ཡང་དེ་འདྲ་རེད་འདུག མི་གཅིག་གིས་ཅ་ལག་ཅིག་རྙེད་པ་ཡིན་ན། ཡང་བསྐྱར་བརྟག་དཔྱད་བྱས་ནས་སྔོན་མ་ནང་བཞིན་ར་འཕྲོད་པ་དང༌། མི་གཞན་དག་གིས་བརྟག་དཔྱད་བྱས་ནས་ར་འཕྲོད་པ་གཅིག་པ་ཡིན་ན་ཁས་ལེན་གྱི་འདུག་གཱ མི་གཅིག་གིས་གློ་བུར་བའི་མཐོང་སྣང་གཅིག་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་དེ་ཡོད་རེད་ཅེས་ཐག་གཅོད་ཐུབ་ཀྱི་མི་འདུག་གཱ བྱས་ཙང་ང་ཚོའི་འགྲོ་སྟངས་དེ་ག་རང་རེད། ཚད་མའི་རྒྱབ་རྟེན་ཡོད་མེད་ཀྱི་ཐོག་ལ་བློ་གང་ཞིག་ཕྱིན་ཅི་ལོག་གི་བློ་ཡིན་དང་མིན་ཟེར་བ་དེ། དེ་དང་རྒྱབ་འགལ་གྱི་བློ་ཡོད་མེད་དང༌། བློ་དེར་རྒྱབ་རྟེན་ཚད་མ་ཡོད་མེད་ཀྱི་ཐོག་ནས་བསམ་བློ་གཏོང་གི་ཡོད་རེད།
    དེར་བརྟེན། ཆགས་སྡང་གི་བློ་དེ་ཚོའི་གྲས་དེ་འགལ་ཟླ་ཡོད་རེད། ཚན་རིག་པ་ལོ་བརྒྱད་ཅུ་གྱ་གྲངས་ལ་སླེབས་པ་ཞིག་དང་ཐུག་མྱོང༌། ཁོ་རང་མི་སེམས་མི་བདེ་བ་ཡོད་པ་དེ་ཚོ་ལ་བསླབ་བྱ་བརྒྱབ་ནས་ཕན་ཐོགས་བྱེད་མཁན་ཞིག་རེད། དེའི་སྐོར་དེབ་མང་པོ་བརྩམས་ཡོད་ས་རེད། དེབ་ཅིག་གི་ཁ་བྱང་ལ་ང་ཚོ་ཁོང་ཁྲོའི་བཙོན་ཁང་ལ་ཚུད་པའི་བཙོན་པ་རེད་ཅེས་བྲིས་འདུག དེ་སྙིང་རྗེ་པོ་ཞེ་དྲག་འདུག ཁོང་གིས་ནད་པ་མང་པོར་བརྟག་དཔྱད་བྱས་ནས་ཡོང་དུས་ནད་པ་གང་ཞིག་ཡུལ་བྱེ་བྲག་པ་གཅིག་ལ་དམིགས་ནས་སེམས་ཞེ་དྲག་འཁྲུགས་སྡོད་མཁན། ཁོང་ཁྲོ་ཞེ་དྲག་ལངས་སྡོད་མཁན། དེ་འདྲའི་མི་དེར་ཁོང་ཁྲོ་ལངས་ཡུལ་གྱི་མི་དེ་ཆེས་མི་སྡུག་པ་ཞིག་སྣང་གི་ཡོད་རེད། མི་སྡུག་པ་མཐོང་བའི་བློ་དེའི་བརྒྱ་ཆ་དགུ་བཅུ་རྣམ་རྟོག་གིས་བཅོས་པ་རེད། དོན་ལ་གནས་ཡོད་མ་རེད་ཅེས་ཟེར། དེ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་གི་ནང་ལ་ལས་དང་ཉོན་མོངས་ཟད་པའི་མཐའ། ལས་དང་ཉོན་མོངས་རྣམ་རྟོག་ལས་ཟེར་བ་དེའི་རྣམ་རྟོག་དེ་ནང་པའི་གཞུང་གི་ནང་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཟེར་གྱི་འདུག་གཱ འོ་དེ་རེད།
    ཡུལ་བྱེ་བྲག་པ་ཞིག་ལ་དམིགས་ནས་ཁོ་ལ་བཟང་པོའི་ཆ་དང་ངན་པའི་ཆ་ཡོང་གི་རེད། ཆགས་པ་སྐྱེ་ཡོང་དུས་བཟང་པོའི་ཆ་དེ་ལ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་དེ་ཧ་ཅང་བཟང་པོ་ཡིན་པའི་སྣང་བ་ཤར། དེ་ལ་དམིགས་ནས་དེ་ལ་སྲེད་ཅིང་མི་འབྲལ་བར་འདོད་པའི་ཞེན་ཆགས་ཤུགས་ཆེན་པོ་སྐྱེ་ཡོང་བ་དེ་ཆགས་པ་ཟེར་བ་དེ་རེད། ཡུལ་གྱི་དངོས་པོ་ལ་བཟང་ངན་གྱི་ཆ་ཡོད་པ་རེད། བཟང་ངན་གྱི་ལྟ་སྟངས་ཁྱད་པར་ཞེ་དྲག་འདུག་གཱ དཔེ་ཆ་བཞག་ན། མི་གཅིག་ལ་དམིགས་ནས་མ་ཡི་འདུ་ཤེས་འཇོག་པ། ཡང་ཕྱོགས་གཞན་གྱི་མི་གཅིག་གིས་བལྟས་པ་ཡིན་ན་བཟའ་ཟླའི་འདུ་ཤེས་སྐྱེ་བ། སྐབས་རེ་འཁྲུག་པ་རྒྱག སྐབས་རེ་བྱམས་པོ་བྱེད་པ་ལྟ་བུ། ཡང་མི་གཞན་དག་ཅིག་གིས་བལྟས་པ་ཡིན་ན། ངའི་བུ་མོ་རེད་ཅེས་བཤད་འདུག་པ་ཞིག་དང༌། ཡང་གཞན་ཞིག་གིས་བལྟས་ན་དེ་ངའི་གཉེན་གང་ཡང་མ་རེད། དེ་ངའི་དགྲ་རེད་ཅེས་བཤད་འདུག་པ། ཡང་གཞན་ཞིག་གི་དེ་ངས་ངོ་ཤེས་ཀྱི་མེད་ཅེས་བར་མ་ལྟ་བུར་མཐོང་བསྡད་པ། དཔེར་ན། བུད་མེད་ལྟ་བུ་ཡུལ་གཅིག་ལ་ལྟ་མཁན་མི་ལྔ་དྲུག་གིས་བལྟས་པ་ཡིན་ན་མཐོང་སྟངས་མི་འདྲ་བ་ཡོང་གི་འདུག་གཱ དེ་བདེན་པ་རེད་པཱ། མི་གཅིག་གིས་ཁོ་རང་ལ་མཚོན་ན་ངའི་ཨ་མ་ཡིན་ལབ་ན་བདེན་པ་རེད། ཁོ་རང་ལ་ལྟོས་པའི་ཨ་མ་རེད། མི་གཅིག་གིས་དགྲ་བོ་རུ་མཐོང་བ་དེ་ཁོ་རང་ལ་རྐྱེན་ཞིག་བྱུང་ནས་མི་མཛའ་བའི་གནས་ཚུལ་ཞིག་བྱུང༌། དེ་ལ་བརྟེན་ནས་དགྲ་ཡི་འདུ་ཤེས་སྐྱེ་ཡི་ཡོད་རེད། དེ་ཙམ་གྱི་ངོས་ནས་མི་མཐུན་པའི་འགལ་ཟླ་ཡོད་པ་ཆགས་བསྡད་ཡོད་རེད། དེ་དོན་དངོས་པོ་ལ་བཟང་པོ་ཡིན་ན་དོན་དངོས་པོ་ལ་བརྒྱ་ཆ་བརྒྱ་བཟང་པོ་ཞིག་དང༌། དོན་དངོས་པོའི་གནས་ཚུལ་ལ་བཟང་པོ་ཡིན་ན་མི་ཀུན་ལ་བཟང་པོ་བྱེད་དགོས་པ་ཞིག་ཡིན་དགོས་ཀྱི་རེད་པཱ། དེ་ཡོང་ཤེས་ཀྱི་མི་འདུག་གཱ བལྟ་མཁན་སོ་སོ་ལ་མཐོང་སྣང་མི་འདྲ་ཡོང་གི་ཡོད་རེད།
    དེ་འདྲ་ཡིན་དུས། ཡུལ་ཞིག་ལ་བཟང་ངན་གྱི་ཕྱོགས་མང་པོ་ཡོད་པ་གསལ་པོ་ཞེ་དྲག་རེད། བཟང་དང་ངན་ཟེར་བ་དེ་ལྟོས་ས་ལྟོས་འཇོག་གི་ཐོག་ནས་འཇོག་རྒྱུ་རེད་མ་གཏོགས། བཟང་ངན་བདེན་པ་བ་ཞིག་ཡོད་མ་རེད། ལྟོས་ས་ལྟོས་འཇོག་གིས་འཇོག་དགོས་པ་ཡིན་དུས་བློ་སོ་སོའི་སྣང་སྟངས་དང་བལྟ་སྟངས་ཁྱད་པར་ཡོང་གི་འདུག་གཱ དེ་འདྲ་ཡིན་དུས་ཡུལ་བྱེ་བྲག་པ་ལ་དམིགས་ནས་བཟང་པོའི་ཆ་ཕྲན་བུ་ཡོད་པ་དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་བརྒྱ་ཆ་བརྒྱ་ཐམ་པ་ཡར་སྤར་ནས་དེ་ལ་མི་འདྲ་བ་འདོད་པའི་བློ་དེ་སླེབས་ཀྱི་ཡོད་རེད། ཡུལ་གང་ཞིག་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་མི་འདོད་པའི་ཆ་ཞེ་དྲག་ཡར་སྤར་བ་དང༌། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ཡོང་དུས་སྒོ་ཐམས་ཅད་ནས་མི་སྡུག་པ་དང༌། ཡིད་དུ་མི་འོང་བ་ཞིག་བློ་ལ་སྣང༌། དེ་ལ་མི་འདོད་པ་རྒྱབ་ཀྱིས་ཕྱོགས་པའི་བློ། ཞེ་ནས་སྡང་བ། འབྲལ་བར་འདོད་པའི་བློ་དེ་སླེབས་ཡོང་གི་འདུག་གཱ དེར་བརྟེན་ཚན་རིག་པ་དེས་ཞེ་སྡང་དྲག་པོ་སྐྱེས་པའི་བློ་དེ་ཞེ་སྡང་སྐྱེ་སའི་ཡུལ་གྱི་མི་སྡུག་པའི་ཆ་སྣང་བ་དེ་བརྒྱ་ཆ་དགུ་བཅུ་རྣམ་རྟོག་གིས་བཅོས་པ་རེད་ལབ་བྱུང༌། ནང་པའི་ཆོས་ནང་གསུངས་པ་དང་གཅིག་པ་ལྟ་བུ་རེད།
    དེ་ངས་ག་རེ་བཤད་ཀྱི་ཡོད་རེད་ལབ་ན། ཆགས་སྡང་སྐྱེ་སའི་ཡུལ་དེ་ལ་ཆགས་སྡང་གི་བློ་གཉིས་པོའི་འཛིན་སྟངས་དེ་བློ་དེ་ལ་ཞེ་དྲག་ཡིད་དུ་འོང་བ་ལ་བརྟེན་ནས་དང་དུ་ལེན། དེ་དང་འབྲལ་མི་ཕོད་པ་ལྟ་བུ། དེ་ལ་ཞེན་པའི་བློ་དེ་དོན་ལ་ཏག་ཏག་གནས་པ་མིན་པ། རྣམ་རྟོག་གི་སྒྲོ་བཏགས་པ་གཞི་ལ་བཞག་ནས་ཡོང་བ་ཡིན་དུས་དོན་དངོས་པོའི་གནས་ཚུལ་ཇི་མ་ཇི་བཞིན་ཤེས་པའི་བློ་དེ་ཆགས་པའི་བློ་དེ་དང་འགལ་ཟླ་ཆགས་ཡོང་གི་འདུག་གཱ མཐའ་གཅིག་ཏུ་ཡིད་དུ་མི་འོང་བ་མཐོང་བའི་བློ་དེ་རིམ་པས་ཡིད་དུ་འོང་བ་མཐོང་ན་དེ་སྡུག་པོ་དེ་འདྲ་རང་རེད་མི་འདུག་གཱ དེ་ལ་ཡོན་ཏན་འདུག་བསམ་པའི་བློ་སྐྱེ་ཡོང་དུས་ཞེ་ནས་སྡང་བ་དང་འབྲལ་བར་འདོད་པའི་བློ་དེ་ཤུགས་ཆུང་དུ་འགྲོ་ཡི་རེད།
    བྱས་ཙང་ཆགས་སྡང་གི་བློ་ལ་འགལ་ཟླ་འདུག་གཱ ཡུལ་གང་ཡང་རུང་བ་རིག་པའི་བློ་གསལ་ཙམ་རིག་ཙམ་དེ་ཤེས་པའི་མཚན་ཉིད་རེད། ཤེས་པའི་རང་བཞིན་རེད། ཡུལ་ཤེས་པ་དེ་ཤེས་པའི་བྱ་བ་རེད། དེ་འདྲ་ཡིན་དུས་ཤེས་པའི་རང་བཞིན་ལ་འགལ་ཟླ་མི་འདུག་གཱ སེམས་མེད་བེམ་པོ་དང་ཤེས་པ་གཉིས་ཀྱི་བྱེད་ལས་ཁག་ཁག་རེད་དེ། དེ་གཉིས་འགལ་ཟླ་མ་རེད། དེ་ལས་སྤྲོས་ཏེ་ཤེས་པའི་རིགས་གཅིག་གི་ནང་ལ་གསལ་རིག་ཙམ་ཡིན་པ་གང་ཞིག་ལ་གསལ་རིག་གི་ཤེས་པ་ལ་འགལ་ཟླ་བྱེད་མཁན་གཅིག་ཀྱང་མེད་པ་རེད། ཤེས་པ་ཞིག་ཡིན་ཕྱིན་ཆད་ལ་གསལ་རིག་གི་རང་བཞིན་ཤ་སྟག་རེད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།