འཚར་ལོངས་འབྱུང་བཞིན་པའི་བོད་ཀྱི་བུད་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༥ 

སློབ་སྦྱོང་ཆུང་ཆུང་ཉེན་ཁ་ཆེན་པོ་ཅན་ཞིག་མ་ཆགས་པ་བྱེད་དགོས།

སྤྱིར་ ད་ལྟ་རྒྱལ་སྤྱིའི་ས་གནས་གང་སར་བུད་མེད་ཀྱི་ཐོབ་ཐང་དང། ཕོ་མོ་འདྲ་མཉམ་བྱེད་དགོས་པའི་ཚ་རླབས་འཕྱུར་བཞིན་ཡོད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཕོ་མོའི་ཐོབ་ཐང་རྩོད་ལེན་གྱི་རྙོག་གྲ་ མེད་ནའང། བུད་མེད་ཀྱི་ནུས་ཤུགས་སྤེལ་ཏེ་སྤྱི་ཚོགས་ཀྱི་ལས་དོན་ཚང་མར་ཕོ་མོ་མཉམ་ཞུགས་ ཡོང་ཐབས་ལ་གཞུང་མང་གཉིས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད་པ་དང། བོད་ཀྱི་བུད་མེད་ལྷན་ཚོགས་ནི་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ ཤོས་ཀྱི་གྲས་ཡིན་པ་མ་ཟད། བུད་མེད་ཀྱི་གནས་བབས་ཐོག་ལ་གལ་ཆེན་གྱི་ཚོགས་པ་ཞིག་ཀྱང་ཆགས་ཡོད།

ཟླ་འདིའི་ཚེས་༡༥ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཐེངས་དགུ་པ་དེ་འོས་འདེམས་ བྱས་པ་དང། སྔོན་བོད་པའི་སྤྱི་ཚོགས་དང་བསྡུར་ཏེ་ཐེངས་འདིའི་བུད་མེད་ལྷན་ཚོགས་ཀྱྀ་ ཚོགས་ཞུགས་པའི་ངོ་བོར་བལྟས་ན་ཤེས་ཡོན་ཡར་རྒྱས་སོང་ཡོད་མོད། བཙན་བྱོལ་བོད་གཞུང་བཙུགས་ནས་ད་ལྟའི་བར་གཞོན་སྐྱེས་ཚོས་ཕོ་མོ་འདྲ་མཉམ་གྱི་ སློབ་སྦྱོང་གི་གོ་སྐབས་རག་པ་དང། ད་ལྟའི་སྤྱི་ཚོགས་ཀྱི་གནས་བབས་བཅས་ལ་ལྟ་དུས་ད་དུང་ཡང་ཚོགས་བཅར་བ་མང་ཆེ་བ་ མི་རབས་རྒན་པ་རེད་འདུག་ལ་རེ་ཟུང་མ་གཏོགས་སློབ་སྦྱོང་གི་ཆ་ནས་ཀྱང་ཅུང་སྐྱོ་ པོ་རེད་འདུག
    ད་ལྟ་ནས་ཚོགས་མིའི་སྤུས་ཚད་དང། ཤེས་ཡོན། གོ་རྟོགས་ངེས་པར་དུ་ཡར་རྒྱས་གཏོང་བའི་དུས་ལ་སླེབས་པ་དང། དམིགས་བསལ་གྱིས་བུད་མེད་ལྷན་ཚོགས་དང་བུད་མེད་ཚོའི་བར་དུ་ཕྱོགས་གང་ས་ནས་ འབྲེལ་ཐག་ཉེ་རུ་གཏོང་དགོས་པ་མ་ཟད་ཚོགས་མི་མང་དུ་གཏོང་དགོས་ཀྱི་འདུག ལྷན་ཚོགས་དེ་སྤྱིར་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་མཁན་ཞིག་དང། བྱེ་བྲག་བོད་ཀྱི་བུད་མེད་གཞོན་སྐྱེས་ཚོ་སྐྱེད་སྲིང་བྱེད་ཐུབ་མཁན་ཞིག་ཡོང་ ཐབས་དང་མཐོ་སློབ་ཏུ་འགྲོ་བཞིན་པའི་བུད་མེད་ཚོས་ཀྱང་ངེས་པར་དུ་ལྷན་ཚོགས་དེ་ དང་འབྲེལ་བ་ཡར་རྒྱས་གཏོང་དགོས། ལྷན་ཚོགས་དེའྀ་ལས་དོན་བྱེད་ཕྱོགས་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱས་ཏེ་དབུས་ རྒྱུན་འདེམས་སྟངས་ལ་སོགས་ཀྱིས་མཚོན་བུད་མེད་ཚོས་ལས་དོན་ཕྱོགས་གང་ཐད་ནས་“ཆུ་ སྣ་གར་ཁྲིད་”ཀྱི་དཔེ་ལྟ་བུ་མ་ཡིན་པར། རང་ངོས་ནས་ལས་དོན་འདེམས་ཀ་མ་ནོར་བ་ཞིག་བྱེད་ཐུབ་དགོས་པ་ནི་མི་ཚང་མས་སློབ་ སྦྱོང་བྱས་པའི་དོན་གོ་ཡིན་ལ། དེ་ལ་བརྟེན་ནས་སྤྱི་ཚོགས་ལ་ཕན་ངེས་པའི་ལས་དོན་ནང་འཛུལ་ཞུགས་བྱེད་ཐུབ་དགོས། སྤྱི་ཚོགས་གཞན་པ་དང་བསྡུར་ན་དེ་སྔོན་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ མེད་པར་བུད་མེད་ལ་གཉའ་གནོན་ཚབས་ཆེན་བྱས་པའི་གནས་སྟངས་བྱུང་མེད་ལ། དེ་བཞིན་བུད་མེད་ཚོས་ལས་ཀ་གང་ཡང་མ་བྱས་པར་སྤྱི་ཚོགས་འཐུས་ཤོར་བྱུང་བའི་ལོ་ རྒྱུས་ཀྱང་མེད་མོད། ད་ལྟ་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ཕོ་མོ་འདྲ་མཉམ་སླེབས་དགོས་པ་དེ་ཚང་མར་མཐོང་ སྣང་གཅིག་གྱུར་དུ་འབྱུང་བཞིན་ཡོད་པས། དེ་ལུགས་ཀྱིས་བུད་མེད་ཚོས་ནུས་ཤུགས་འདོན་དགོས་ལ། སྐྱེས་པའི་ངོས་ནས་བསྒྲུབ་ཐུབ་པའི་རྒྱབ་སྐྱོར་མཐུན་རྐྱེན་ངེས་པར་དུ་སྦྱར་ དགོས། བོད་ནང་གི་གྲོང་ཁྱེར་ཁག་ཏུ་སྡོད་མཁན་གྱི་བོད་རིགས་དང་བཙན་བྱོལ་སྤྱི་ཚོགས་ ནང་ནས་ཕོ་མོ་འདྲ་མཉམ་གྱིས་སློབ་སྦྱོང་གོ་སྐབས་རག་གི་ཡོད་མོད། སློབ་མཐར་ཕྱིན་ཡོང་དུས་ཕོ་མོ་འདྲ་མཉམ་བཤད་ཤེས་པ་ཙམ་དང། ཧམ་པ་ཆེ་བ་ཙམ་ལས་ནང་ལས་གྱིས་མཚོན་ངལ་རྩོལ་བྱེད་འདོད་མེད་མཁན་ཞིག་ཆགས་ནས། དུད་ཆང་འཐུང་བ་དང། རྒྱན་རྩེད་སོགས་ཐ་ཤལ་གྱི་ལས་ཀ་དེ་ཚོ་འདྲ་མཉམ་བྱེད་ཐུབ་པ་ལས་རང་གི་ཁྱིམ་ཚང་ ལ་ཕན་པ། སྤྱི་ཚོགས་ལ་ཕན་པའི་ལས་དོན་གང་ཡང་མ་ཤེས་པ་ཆགས་ནས་འཁྱམ་པོར་གྱུར་མཁན་ཡང་མང་ དུ་འགྲོ་བཞིན་ཡོད་པས། དབྱིན་ཇི་ཡི་གཏམ་དཔེ་བཞིན་“སློབ་སྦྱོང་ཆུང་ཆུང་ཉེན་ཁ་ཆེ་”ཞེས་པ་ལྟར་མ་ཡིན་ པར། ངེས་པར་དུ་བོད་མི་ཡོངས་ཀྱིས་གཟབ་དགོས། སྔོན་མ་བོད་ཀྱི་བུད་མེད་ཚོར་ཡོད་པའི་བཟང་སྤྱོད་དེ་བརླགས་ནས་སྤྱོད་ངན་བྱེད་ སྟངས་ལ་ཕོ་མོ་འདྲ་མཉམ་ཆགས། སློབ་སྦྱོང་མ་བྱས་པར་སྤྱི་ཚོགས་ཀྱི་སྣེ་ཁྲིད་མི་ཐུབ་མཁན་ཞིག་དང། རང་སྣང་ཆེ་དྲགས་ནས་དཀའ་ལས་རྒྱག་འདོད་མེད་པ་ཞིག་ཆགས་སོང་ན་ཕོ་མོ་འདྲ་མཉམ་ གྱི་ལས་འགུལ་དེ་ཡང་ཕན་ཐོགས་མེད་པར་གྱུར་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།