ང་ཚོར་གནང་བའི་འོས་འགན་ཡིན།

དབང་འདུས།      གསོག་སྒར།
དགུན་ཟླ་འདིར་བསམ་གཞིག་རིང་པོའི་ཁྲོད་ལུས་པའི་གངས་ཅན་པའི་སྐྱེས་ཕོ་མོ་རྒན་གཞོན་རྣམས་ལ་སླར་ཡང་༢༠༠༩ ལོ་ཞེས་ལོ་གསར་པ་འདི་ལོ་ནག་ཅིག་ཏུ་སྲུང་བརྩི་བྱེད་དགོས་པའི་ལས་དབང་ཤར། འདས་པའི་ཉིས་སྟོང་བརྒྱད་ལ་བསམ་གཞིག་ཅིག་བྱས་ཚེ། བོད་ཆོལ་གསུམ་ཁྱོན་དུ་འཚོ་གནས་བྱེད་པའི་བོད་མི་ཕལ་མོ་ཆེ་ནི་སྡུག་བསྔལ་དང་འཇིགས་སྣང༌། མནར་གཅོད། ལྐོག་གསོད་སོགས་ཀྱི་འོག་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བརྩམས་པའི་ལས་དབང་འདིའི་གནས་བབས་མི་ཁུར་ཐབས་མེད་བྱུང༌།

སེམས་ཤུགས་ཆེར་བསྐྱེད་དང་རང་དབང༌། ཞི་བདེ། དྲང་བདེན་ལ་དགའ་བའི་གཞིས་བཞུགས་བོད་མི་རྣམས་ཀྱིས་ཉིས་སྟོང་བརྒྱད་ལོའི་ནང་བོད་ཀྱི་ད་ཕན་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ལས་འགུལ་ཤུགས་ཆེ་བརྩམས་ནས་བོད་ཀྱི་གནས་བབས་གསལ་འདོན་བྱས་ཏེ། རྒྱ་གཞུང་རྒྱལ་སྤྱིའི་གར་སྟེགས་ཐོག་ངོ་ཚ་དགོས་པ་དང༌། ཚང་མས་སྐྱོན་བརྗོད་བྱ་ཡུལ་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་སྟབས། མེ་མདའི་རྩེ་ཁ་ན་ཆབ་སྲིད་གནས་པའི་རྒྱ་ནག་དམར་ཤོག་ཚོགས་པས་ཕྱོགས་བཞི་མཚམས་བརྒྱད་ནས་དྲག་པོའི་དམག་དཔུང་བཏང་སྟེ། བོད་ནང་ཡོད་པའི་དྲ་རྒྱའི་བརྒྱུད་ལམ་ཁག་དང༌། ཡུལ་སྐོར་བ་སོགས་ལ་དོ་དམ་ཚད་མེད་ཀྱིས་བོད་དེ་དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་བཙོན་རྭ་ཆེ་ཤོས་ཤིག་བསྐྲུན་ཡོད།
    བོད་ནང་ཡོད་པའི་བོད་མི་མང་དག་ཅིག་ནི་དམར་གསོད་དང༌། མནར་གཅོད། ལྐོག་གསོད། བཙོན་འཇུག དོ་དམ་སོགས་ཀྱི་འོག་རང་རང་གི་ལས་དབང་རྒྱ་གཞུང་གིས་ཐག་གཅོད་བྱེད་བཞིན་ཡོད། ཡིན་ཡང་མི་རིགས་ཀྱི་རང་དབང་རྩ་ཆེར་འཛིན་པའི་གཞིས་བཞུགས་བོད་མི་རྣམས་ཀྱིས་ད་དུང་ཡང་དཔའ་ངར་དང་སྙིང་སྟོབས་ཆེན་པོས་བོད་ཀྱི་བདེན་པའི་གནད་དོན་མཐའ་གཅིག་ཏུ་སེལ་ཐབས་བྱས་ཏེ། མི་རབས་ནས་མི་རབས། ཕོ་ཟད་མོ་ཐུག ལག་ཟད་དཔུང་ཐུག ཤ་ཟད་རུས་ཐུག་བྱས་ནས་དཀའ་རྙོག་སེལ་ཐབས་ཁོ་ན་བྱེད་བཞིན་མཆིས།    འོན་ཀྱང་སྙིང་རྗེ་ཁབ་རྩེ་ཙམ་ཡང་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པས་ཞི་བའི་གྲོས་མོལ་བྱ་རྒྱུ་ཕར་བཞག་ནས་སྔར་བས་བཙན་གནོན་དང་དྲག་གནོན་གཏོང་འགོ་བཙུགས་པ་དང༌། བསམ་དཔྱོད་ལས་འདས་པའི་མི་ཡུལ་གྱི་དམྱལ་བ་ངོ་མ་བོད་དུ་བསྐྲུན་འགོ་བརྩམས་ནས་བོད་མི་རྣམས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུངས་སུ་བཅུག ད་བར་དུ་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་པའི་སྲིད་ཇུས་དེས་བོད་མི་མང་ལ་ཕོག་ཐུག་དང༌། གྱོང་གུན་ག་ཚོད་བཟོས་ཡོད་པ་ནི་མངོན་གསལ་ཧ་ཅང་གིས་མི་ཆེའམ། ལྷག་བསམ་གཞུང་དྲང་གི་དྲང་བདེན་དང་རང་དབང་ལ་དགའ་བའི་གཞིས་བཞུགས་བོད་མི་ཁྲི་སྟོང་མང་པོས་བཙན་བྱོལ་ནང་གནས་པའི་ང་ཚོའི་སྲིད་གཞུང་དང༌། མི་མང་ལ་དུས་རྟག་ཏུ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་ཙམ་མ་ཟད། འདས་པའི་ཉིས་སྟོང་བརྒྱད་ལོའི་ནང་འཛམ་གླིང་ས་ཕྱོགས་ཀུན་ཏུ་གྲགས་པའི་བོད་ཀྱི་ས་བྱི་ལོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་འགྲན་ཟླ་བྲལ་བ་ཞིག་སྤེལ་ནས་བོད་ཀྱི་གནས་སྟངས་ངོ་མ་སྔར་བྱུང་མ་མྱོང་བའི་གསལ་སྟོན་བྱས་ཡོད། དེར་བརྟེན་གཞིས་བཞུགས་གངས་ཅན་བོད་མིའི་མི་རབས་རྙིང་པ་རྣམས་ཀྱི་ཐུགས་རེ་དང༌། མི་རབས་གསར་པ་རྣམས་ཀྱི་ཕུགས་འདུན། རྒྱ་དམར་གྱིས་བཅོམ་པའི་བོད་མི་ས་ཡ་གཅིག་ལྷག་གི་ཞལ་ཆེམས་ལ་སོགས་གཞིས་བཞུགས་བོད་མིའི་བློ་སྟོབས་དང༌། སྙིང་སྟོབས་དེ་དག་ལ་བྱེས་འབྱོར་བོད་མི་དག་གིས་ཐུགས་ཕམ་མི་འབྱུང་ཆེད་སྔར་བས་མཐུན་ལམ་གཅིག་སྒྲིལ་དང༌། ངོ་ལྐོག་མེད་པ་བྱ་རྒྱུ་དེ་གཞིས་བཞུགས་བོད་མིས་ང་ཚོར་གནང་བའི་འོས་འགན་ཡིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།