ནང་པའི་ཆོས་ཀྱི་ཁྱད་ཆོས་སྐོར།
བྱས་ཙང་ཤེས་པའི་ནང་ལ་གསལ་རིག་ཙམ་གྱི་བདག་ཉིད་དུ་ཡོད་པའི་ཤེས་པ་དེ་ལ་འཛིན་སྟངས་འགལ་བ་ཟེར་ན་འདྲ། རང་བཞིན་འགལ་བའི་བློ་གང་ཡང་མི་འདུག་གཱ ཤེས་པའི་ནང་ལ་ཤེས་པ་ཁོ་རང་དང་འགལ་ཟླ་འགྲོ་མཁན་ཤེས་པ་གཅིག་ཀྱང་མེད་སྟབས་དེ་ལ་གཉེན་པོ་མི་འདུག་གཱ རང་གནས་པ་ལ་གེགས་བྱེད་མཁན་མེད་པ་རེད། ཞེ་སྡང་དང་འདོད་ཆགས་ཟེར་བ་དེ་ཚོའི་གྲས་དེ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བློ་ཞིག་རེད། དེ་དོན་དངོས་པོའི་གནས་ཚུལ་ལ་འགལ་བའི་བློ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དོན་དངོས་པོའི་གནས་ཚུལ་ཇི་བཞིན་ཤེས་པའི་བློ་དེ་ནམ་སྐྱེས་པ་ན་འགལ་ཟླ་ཆགས་བསྡད་ཡོད་རེད།
བྱས་ཙང་ཕྱིན་ཅི་ལོག་གི་བློ་དེ་དག་ལ་འགལ་ཟླ་ཡོད་རེད། ཕྱིན་ཅི་ལོག་གི་བློ་དེ་དག་གསལ་རིག་གི་བདག་ཉིད་རེད་དེ། ཡིན་ཡང་གསལ་རིག་ཙམ་གྱི་བདག་ཉིད་དུ་གནས་ཡོད་མ་རེད། རྐྱེན་ཞིག་གི་དབང་གིས་ཕྱིན་ཅི་ལོག་ཏུ་རྟོགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ཕྱིན་ཅི་ལོག་ཏུ་གཏོགས་པའི་ཆ་དེ་ལ་འགལ་ཟླ་ཡོད་པ་ཡིན་དུས་གནས་ཐུབ་རྒྱུ་མེད་པ་རེད། གསལ་རིག་ཙམ་གྱི་ངོ་བོ་ལ་ཆགས་སྡང་གི་འཛིན་པ་དེ་མེད་པ་ཡིན་དུས་འགྲན་རུང་ཡིན་པ་རེད། གློ་བུར་བ་ཡིན་པ་རེད། འགྲན་རུང་ཡིན་པ་དང་གཉེན་པོ་སྟོབས་ལྡན་ཡོད་པ། དེའི་ཆ་ནས་གློ་བུར་བའི་མིང་བཏགས་པ་རེད། གསལ་རིག་ཙམ་དེ་གཉུག་མའི་མིང་བཏགས་པ་རེད། ནམ་ཡང་འགྱུར་བ་མེད་པ་རེད།
དེ་འདྲ་ཡིན་དུས་དགྲ་བཅོམ་པ། ལས་ཉོན་སྤངས། སྔོན་མའི་ལས་ཉོན་སྤངས་པའི་ཕུང་པོ་དེ་དོར་བའི་རྗེས་ལ་གསལ་རིག་དེ་འདུག་གི་རེད། དེ་ཙམ་དུ་མ་ཟད་ལས་ཉོན་གྱི་ཕུང་པོའི་རྒྱུན་དེ་མེད་པ་ཆགས་པ་རེད་དེ། ཟག་མེད་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་གྲུབ་པའི་ཕུང་པོ་ཡོང་གི་རེད། བྱས་ཙང་བདག་ལ་མཐའ་མ་འཇོག་དགོས་པ་ཡོད་མ་རེད། བདག་ལ་མཐའ་མ་ཡོད་མ་རེད་ཅེས་པ་རེད།།
བདག་ལ་ཐོག་མཐའ་ཡོད་མེད་ཀྱི་སྐོར་འགྲིག་པ་རེད། དེ་ནས་ཁྱད་པར་གཅིག་ལ་ནང་པའི་ཆོས་དང་འཇིའུ་ཆོས་གཉིས་པོས་རྒྱུ་འབྲས་ཀྱི་རྟེན་འབྱུང་བཤད་ཀྱི་ཡོད་རེད། རྒྱུ་འབྲས་ཀྱི་རྟེན་འབྱུང་བཤད་མཁན་དེས་འཇིག་རྟེན་བཀོད་པ་པོ་བཤད་ཀྱི་ཡོད་མ་རེད། རྒྱུ་འབྲས་རྟེན་འབྱུང་འདོད་མཁན་དང་འཇིག་རྟེན་བཀོད་པ་པོ་འདོད་མཁན་མུ་སྟེགས་པའི་རིགས་གཅིག་ཡོད་རེད་དེ། རྒྱུ་འབྲས་ཙམ་གྱི་ཐོག་ནས་འགྱུར་བ་སྣ་ཚོགས་ཡོང་སྡོད་པ་མ་གཏོགས་འཇིག་རྟེན་བཀོད་པ་པོ་ཡོད་མ་རེད་ཟེར་མཁན་དེ་ཕལ་ཆེར་འཇིའུ་ཡིན་པ་འདྲ། ནང་པ་སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་ཡོད་མ་རེད། རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་རེད་ཅེས་བཤད་ཀྱི་ཡོད་རེད། འོ་ན་འཇིའུ་ཡིས་རྟེན་འབྱུང་ཁས་ལེན་གྱི་རེད་དམ་ཞེས་ལབ་པ་ཡིན་ན། ཕལ་ཆེར་རྟེན་འབྱུང་བཤད་ཀྱི་ཡོད་མ་རེད། རྟེན་འབྱུང་མི་བཤད་པའི་གནད་འགག་གཅིག་དེ། ལོངས་སྤྱོད་བྱའི་བདེ་སྡུག་ལ་རྒྱུ་འབྲས་ཙམ་གྱི་འགྱུར་བ་སྣ་ཚོགས་ཡོང་སྡོད་པ་ཞིག་ཡིན་པ་ནང་པ་དང་གཅིག་པ་འདྲ་པོ་བཤད་ཀྱི་ཡོད་རེད་དེ། ལོངས་སྤྱོད་པ་པོ་བདག་དེ་རྟག་གཅིག་རང་དབང་བའི་བདག་དང་ཕུང་པོ་ལས་དོན་གཞན་པའི་བདག་བཤད་ཀྱི་ཡོད་རེད། སངས་རྒྱས་པས་ལོངས་སྤྱད་བྱའི་ཆོས་དེ་དག་རྒྱུ་རྐྱེན་ཙམ་ལ་བརྟེན་ནས་ཡོང་བ་དང༌། ལོངས་སྤྱོད་པ་པོའི་བདག་དེ་ཡང་ཕུང་པོ་ལ་བརྟེན་ནས་གྲུབ་པའི་བདག་མ་གཏོགས། ཕུང་པོ་ལས་དོན་གཞན་པའི་བདག་རྟག་གཅིག་རང་དབང་བ་མེད་ཅེས་པ་རེད།
བྱས་ཙང་དེའི་ཆ་ནས་མིན་འགྲོ་བསམ་གྱི་འདུག དོན་གྱིས་གྲངས་ཅན་ལྷ་མེད་པ་ཡང་དེ་འདྲ་ཞིག་མིན་འགྲོ། གཅེར་བུ་པས་རྒྱུ་འབྲས་ཙམ་གྱི་ངོས་ནས་བཤད་ན་རྒྱུ་འབྲས་རྟེན་འབྱུང་དོན་གྱིས་ཁས་བླངས་སོང་བའི་བཟོ་འདྲ་པོ་ཞིག་རེད། ཡིན་ན་ཡང་ལོངས་སྤྱོད་པ་པོའི་ངོས་ནས་རྟེན་འབྲེལ་བཤད་ཀྱི་ཡོད་མ་རེད། བྱས་ཙང་རྟེན་འབྲེལ་ཟེར་བ་དེ་ནང་པ་སངས་རྒྱས་པའི་གཞུང་ཁོ་ན་རེད། དེ་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཞིག་རེད། ཐོག་མར་བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུངས་པ་དེ་རྟེན་འབྲེལ་གྱི་ལྟ་བའི་ཐོག་ནས་གསུངས་ཡོད་རེད། རྒྱུ་འབྲས་རྟེན་འབྱུང་ཟེར་གྱི་ཡོད་སྟབས། མི་འདོད་པའི་སྡུག་བསྔལ་དེ་རང་རང་གི་སྐད་གཅིག་གི་རྒྱུ་ལ་བརྟེན་ནས་བྱུང་བ་རེད་ཅེས་པ་དེ། སྡུག་བསྔལ་དང་ཀུན་འབྱུང་གསུངས་པ་རེད། སྡུག་བསྔལ་སྤངས་པའི་གཏན་དུ་བདེ་བ་ཟེར་བ་དེ་རང་རང་གི་རྒྱུ་རྐྱེན་དང༌། སྐྱེ་བོའི་སྩོལ་བ་ལ་བརྟེན་ནས་ཡོང་དགོས་རེད་ཟེར་དུས་འགོག་ལམ་གཉིས་པོ་གསུངས་པ་རེད།
སྤྱིར་བཏང་ང་རང་ཚོས་བཤད་པའི་བདེ་སྐྱིད་དེ་དག་སྡུག་བསྔལ་གྱི་གྲས་སུ་བཞག་པ་རེད། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་གསུམ་གསུངས་ནས་སྡུག་བསྔལ་གྱི་གྲས་སུ་བཞག ད་ལྟ་འགོག་བདེན་བདེ་བ་ཞེས་པ་འགོག་པ། ཞི་བ། གྱོ་ནོམ། ངེས་འབྱུང་ཞེས་གསུངས་པའི་འགོག་པ་དེ་གཏན་དུ་ཞི་བ། གྱ་ནོམ་པ་ཟེར་དུས་བདེ་བ་རེད་འདུག་གཱ དེ་འདྲའི་སྡུག་ཀུན་ཉེ་བར་ཞི་བ་དེ་གཏན་དུ་བདེ་བ་རེད། གཏན་དུ་བདེ་བ་དེ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་དགོས་རེད་ཟེར་དུས། ལམ་བདེན་དེ་གསུངས་པ་རེད། བདེན་བཞི་གསུངས་པའི་གཞི་ལྟ་བུ་དེ་རྟེན་འབྱུང་གི་ལྟ་གྲུབ་དེའི་ཐོག་ནས་གསུངས་ཡོད་རེད།།
ད་ལྟ་ང་ཚོས་སངས་རྒྱས་ཀྱི་ཆོས་དཀར་འཇམ་ཡུག་ཅིག་བྱས་ནས་འདུག་པའི་དུས་ཚོད་མ་རེད། རྒྱ་གར་ལ་སླེབས་བསྡད་ཡོད་རེད། དེ་ཙམ་དུ་མ་ཟད་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་སླེབས་བསྡད་ཡོད་རེད། འཛམ་བུ་གླིང་འདིའི་སྒང་ལ་ཆོས་རྒྱུད་འདྲ་མི་འདྲ། ལྷག་པར་དུ་དེང་སང་ཚན་རིག་དང་འབྲེལ་བ་ཆེན་པོ་ཞིག་སླེབས་བསྡད་ཡོད་རེད། ཚན་རིག་གི་རིག་པའི་གཞུང་ལུགས་ཞེ་དྲག་གལ་ཆེན་པོ་རེད། དངོས་པོའི་གནས་ཚུལ་གཏན་ལ་ཕབ་པའི་ཤེས་བྱ་དང༌། བློ་གྲོས། རྣམ་དཔྱོད་གཙོ་བོ་ཆགས་བསྡད་ཡོད་རེད། དཔེ་གལ་ཆེན་པོ་རེད། ཕྱི་དངོས་པོ་ཡར་རྒྱས་འགྲོ་བ་དེ་ལ་བརྟེན་ནས་རེད། དེ་རིང་ཁ་སང་གཞི་ནས་ཚན་རིག་པའི་ནང་ལ་ཕྱི་དངོས་པོ་ཡར་རྒྱས་ཙམ་མ་ཡིན་པར། ནང་བསམ་བློ་ལྷོད་ལྷོད་ཡོང་བ། བསམ་བློ་ལྷོད་པ་དེ་ལུས་པོའི་བདེ་ཐང་ལ་གལ་ཆེན་པོ་ཡིན་པ། བསམ་བློའི་ནང་ལ་བྱམས་བརྩེས་ཕོངས་ཡོང་དུས་སྤྱི་ཚོགས་ནང་ལ་ཟང་ངེ་ཟིང་ངེ་ཡོང་བ། མདོར་ན་རང་ཤི་རྒྱག་མཁན་ཡོང་བ་དེ་ཚོ་མང་པོ་ཞིག་ནང་བསམ་བློའི་ཆ་རྐྱེན་གྱིས་མ་འདང་བ་ཞིག་ཡིན་པ་དེ་རིང་ཁ་སང་གཞི་ནས་དོ་སྣང་ཆེ་རུ་སླེབས་ཡོང་དུས། ཚན་རིག་པའི་ནང་ནས་ནང་བསམ་བློའི་ཐོག་ལ་དོ་སྣང་སླེབས་ཡོང་གི་འདུག་གཱ ད་ལྟ་བར་ཚན་རིག་རང་ཉིད་ཀྱིས་ནང་བསམ་བློའི་སྐོར་ལ་དོ་སྣང་དང་བརྩད་གཅོད་མ་བྱས་པ་ཡིན་དུས། ནང་བསམ་བློའི་རྣམ་གཞག་གི་ཤེས་ཚད་སྐྱོ་པོ་རེད། གཞི་ནས་འགོ་འཛུགས་ཀྱི་ཡོད་རེད། ནུབ་ཕྱོགས་སུ་དར་ཁྱབ་ཆེན་པོ་ཡོད་པའི་་ཡེ་ཤུ་དང་ཁ་ཆེ་སོགས་ཀྱིས་བསམ་བློའི་རྣམ་གཞག་མང་པོ་བཤད་ཀྱི་ཡོད་མ་རེད། ནང་ཆོས་ཐེ་བའི་རྒྱ་གར་གྱི་ལྟ་གྲུབ་རྙིང་པ་ཚོའི་ནང་ལ་ནང་བསམ་བློའི་སྐོར་ཤུགས་ཆེན་པོ་བཤད་ཀྱི་ཡོད་རེད། བསམ་གཏན་གཟུགས་མེད་ཟེར་དུས་སྒོམ་རྒྱག་པའི་སྐོར་བཤད་ཀྱི་ཡོད་རེད། འདོད་པའི་ཉོན་མོངས་སྐབས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་སྟངས་བཤད་ཀྱི་ཡོད་རེད། གང་ལྟར་སེམས་ཀྱི་རྣམ་གཞག་བཤད་ཀྱི་ཡོད་རེད།
བྱས་ཙང་རྒྱ་གར་གྱི་ལྟ་གྲུབ་རྙིང་པ་དེ་དག་ལ་དེང་སང་གཞི་ནས་དོ་སྣང་སླེབས་ཀྱི་ཡོད་རེད། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཐོག་ལ་དམིགས་བསལ་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་ཡོད་རེད། བརྟེན་ནས་བཏགས་པ་ཟེར་བ་དེར་དོ་སྣང་ཞིག་སླེབས་ཀྱི་ཡོད་རེད། ཚན་རིག་གི་བསམ་བློ་གཏོང་སྟངས་དང་མཐུན་པོ་ཆགས་ཀྱི་ཡོད་རེད། དེ་འདྲའི་གནས་སྐབས་ལ་སླེབས་པ་ཡིན་དུས། སངས་རྒྱས་པའི་ཆོས་པ་ཚོས་ཆོས་ཀྱི་འགྲོ་སྟངས་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་དད་པ་བྱས་པ་ཡིན་ན་རླབས་ཆེན་པོ་ཆགས་ཀྱི་ཡོད་རེད། ཞག་རྩི་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། བརྟན་པོ་ཆགས་ཀྱི་ཡོད་རེད། དེ་མེད་ན་ཕ་མེས་ནས་ཡོད་པའི་འདུ་ཤེས་ལྟ་བུ་དེ་ཙམ་གྱིས་ཆོས་ཉམས་ལེན་བྱས་ཀྱང་དེ་ཙམ་གྱིས་རླབས་ཆེན་པོ་དང་ས་ཆོད་ཆེན་པོ་ཡོང་བ་ཁག་པོ་རེད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།