གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༥
འདོན་ཐེངས་སྔོན་མའི་འཕྲོས།

“དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ། དུས་ལན་གཅིག་ཙམ་ན། སྲས་དབོན་རྣམས་ཀྱི་སྐུ་རིང་ལ། རྒྱལ་སྲིད་བོན་པོས་འཁྱེར་བར་མཆིའོ” “བོན་ལ་ཆབ་གསོལ་བར་གསོད་པའི་དོན་བཀའ་མི་ཕེབས་པས། གཤེན་པོ་མཐའ་རུ་སྤྱུགས་པའི་བཀའ་མཆིད་བསྲིང་བར་ཞུ།”ཞེས་སོགས་ཡང་ཡང་གླེངས་པས་རྒྱལ་པོ་ཡང་ཐུགས་འཁྲུགས་ནས་བདེན་སྙམ་པ་བྱུང་སྟེ། སྐུ་སྲུང་བའི་བོན་ཙམ་ལས། གཤེན་པོ་ཐམས་ཅད་མཐའ་ལ་སྤྱུགས་ནས་བོན་བསྣུབས་ཚུལ་སོགས་མང་དུ་གསལ་བ་ལ་དཔགས་ན་སྐབས་དེ་དུས་ཀྱང་བོན་གཤེན་རྣམས་དང་རྒྱལ་བློན་གྱི་བར་སྲིད་དབང་འཕྲོག་སྲུང་གི་འཐབ་རྩོད་རྣོ་ངར་ཅན་ཞིག་བྱུང་བ་མངོན་པས། ལོ་ངམ་བྱ་བ་ཡང་རྒྱལ་ཕྲན་ཞིག་ཡིན་སྟབས་བོན་གྱི་རྒྱབ་བྱས་ནས་དམག་འཁྲུག་ལངས་པའི་ནང་བཙན་པོ་བཀྲོངས་ནས་རེ་ཞིག་རྒྱལ་སྲིད་ཀྱང་ལོ་ངམ་ལ་ཤོར་བར་སྣང་ཞེས་སོགས་གསལ་བ་ལྟར། གྲི་གུམ་བཀྲོངས་སྟངས་ལ་བཤད་སྲོལ་མི་འདྲ་བ་ཆེ་ཁག་དེ་གཉིས་ཙམ་སྣང་ངོ༌། །

    ཡ་མཚན་སྐྱེ་ཡོང་བ་ཞིག་ལ། ཤུགས་ཆེ་བས་བློན་པོ་ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་རྐྱེན་དང་དེའི་གནས་ལུགས་ཕལ་ཆེར་མ་དག་པའི་གཏམ་རྙོག་འབའ་ཞིག་བཤད་དེ། རབ་རིབ་བྱིས་སྒྲུང་ལྟ་བུ་ཞིག་བཟོ་ཅི་ཐུབ་བྱས་ཡོད་ཚོད་རེད་འདུག འོ་ན་བཅོས་མའི་གནས་ལུགས་དེ་འདྲ་བ་ཞིག་བཟོ་དོན་ཅི་ཞིག་ལ་ཐུག་ཅེ་ན། གྲི་གུམ་བཙན་པོས་བོན་ལ་ཧ་ཅང་གིས་སྡང་ཤ་ཆེ་བ་ཙམ་དུ་མ་ཟད། བོན་རྩ་ནས་སྣུབ་གྲབས་བྱས་པའི་རྙོག་ཟིང་ཡོ་ལང་ཚད་མེད་བྱུང་ཞིང༌། མཐའ་མཇུག་རྒྱལ་པོའང་ལོ་ངམ་གྱིས་བཀྲོངས་པའི་གནས་ཚུལ་ཡ་ང་བའི་མཐའ་འབྲས་ངན་པ་ཞིག་ལ་ཐུག་སོང་བས། བོན་ཚང་ཅིས་ཀྱང་གྲི་གུམ་བཙན་པོ་ལ་ཡིད་མ་རངས་བ་ཞིག་ཏུ་གྱུར་ཡོད་ངེས་རེད། སྐབས་དེར་བོན་ཕྱོགས་མདུན་ལང་བྱེད་མཁན་ལོ་ངམ་དང་རྒྱལ་པོ་དབར་གྱི་འཐབ་འཁྲུག་གནད་དོན་བོན་ལ་ཐུག་པའི་ལོ་རྒྱུས་ཐབས་སྡུག་གང་འདྲ་བྱུང་བའི་དངོས་མ་སྦས་སྐུངས་བྱེད་ཅི་ཐུབ་བྱས་པ་མ་ཚད། དེ་ལས་ལྡོག་སྟེ། གྲི་གུམ་བཙན་པོ་ནི་ཐུགས་ལ་གདོན་ཞུགས་པའི་བསམ་མེད་ཅོལ་ཆུང་ཞིག་དང༌། ཀླ་ཀློ་ཞིག་ཡིན་པར་བཤད་དེ་མི་རབས་ཕྱི་མ་ལ་སྣང་བརྙན་ངན་པ་ཞིག་མཐོང་བཅུག་པའི་ཆེད་དང༌། བཙན་པོ་བཀྲོངས་མཁན་ངན་ཁག་བོན་ཚང་ལ་མི་འབྱུང་བའི་ཕྱིར་དང༌། བཙན་པོས་བོན་བསྣུབས་པའི་ལོ་རྒྱུས་རང་ཟུབ་ཏུ་འགྲོ་བའི་དགོས་དམིགས་སོགས། མདོར་ན་ཅི་ཞིག་གི་ཆེད་དུ་བློན་པོ་ལོ་ངམ་གྱིས་རྒྱལ་སྲིད་བཟུང་རིང་དམངས་ཁྲོད་དུ་བོན་ཚང་གིས། གྲི་གུམ་བཙན་པོའི་ལོ་རྒྱུས་རྣལ་མ་སྦས་སྐུངས་བྱས་ཏེ་རྣ་བར་གཟན་པའི་བླ་བརྡོལ་གྱི་སྐད་ཆ་འདི་འདྲ་ཞིག་སྤྱི་ཚོགས་ནང་དར་ཁྱབ་ཏུ་བཏང་སོང་བ་མིན་ནམ་སྙམ་མོ། །འོན་ཀྱང༌། སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས། རྒྱལ་པོ་གྲི་གུམ་གྱི་སྐོར་འདི་རྒྱལ་རབས་གསལ་བའི་མེ་ལོང་སོགས་བོད་ཀྱི་རྒྱལ་རབས་ཕལ་ཆེ་བ་ནས་གྲི་གུམ་དང་ལོ་ངམ་གཉིས་འཁྲུགས་པའི་རྒྱུ་མཚན་གང་ལ་ཐུག་མ་བཤད་པར་འཛིངས་པའི་ལོ་རྒྱུས་ཡ་མཚན་ཅན་ཞིག་བཤད་པ་མང་འདུག་པ་འདིའི་རྒྱུ་མཚན་ནི་ངེས་པར་དུ་བསམ་ན། བོན་གཤན་དང་རྒྱལ་པོ་གཉིས་ཀྱི་སྐོར་ཤ་སྟག་ཡིན་པས་དེ་ཆེད་དུ་གཉེར་ནས་མ་བཤད་པ་ཡིན་ངེས་འདུག་སྙམ། དཔེར་ན་བོད་ཀྱི་རྒྱལ་རབས་རྩོམ་པ་པོ་རང་ཉིད་ཆོས་ལུགས་ཀྱི་ཕྱོགས་གང་གཏོགས་པ་དེའི་སྐོར་ཆེ་བརྗོད་ཞིབ་རྒྱས་དང་བཅས་བཤད་པས་མ་ཚད། དྲང་མིན་གཞན་ལ་ཟུར་ཟ་སྨ་འབེབས་གང་འགྲུབ་བྱས་པ་མང་བས་བོད་ཀྱི་ལོ་རྒྱུས་པ་མང་ཆེ་བའི་བསྟན་བཅོས་ལ་ཆ་ཚང་ཞིང་བློ་གཏད་ཕེར་བ་དཀོན་པ་དེ་བྱུང༌། ཆོས་རྒྱལ་སྲོང་བཙན་གྱི་མཛད་པ་བྱ་བཞག་གང་ཆེ་བྱུང་བ་ནས་བོད་ཀྱི་ལོ་རྒྱུས་འགོ་བཙུགས་པ་ལྟ་བུ་བྱེད་འདུག་ཀྱང༌། དེའི་ཡབ་ཀྱི་དུས་སུ་མཛད་པ་རྒྱ་ཆེ་བ་གང་མིན་བྱུང་འདུག་པ་སོགས་ཀྱི་སྐོར་ཟུར་ཙམ་བཤད་པ་བྱེད་པའི་སྲོལ་མི་འདུག་པ་འདི་དཔེ་ཞིག་རེད། འདི་ལ་བསམ་ན་བོད་མི་སྔ་རབས་པས་ཆོས་དང་འབྲེལ་བ་མེད་ན་སྲིད་ཀྱི་བྱས་རྗེས་གང་ཆེ་དོན་མེད་པ་ལྟ་བུ་བྱེད་པའི་སྲོལ་ཡོད་པ་འདྲ། གལ་སྲིད་སྔར་གྱི་ལོ་རྒྱུས་དགོས་ན་བཤད་རྒྱུ་བོན་པོའི་ཐོབ་སྐལ་ཡིན་པ་ལྟ་བུ་ཞིག་རེད་འདུག་ཅེས་གསུངས་སོ། །གང་ལྟར་བན་བོན་གཉིས་ལན་པ་སུ་ཆེ་མི་ཤེས་ཀྱང༌། རྡོ་དོན་གྲི་གུམ་བཙན་པོའི་ལོ་རྒྱུས་རྣལ་མ་སྦས་སྐུངས་བྱས་པ་དངོས་བདེན་ལ་གྱུར་སོང་བ་དང༌། ཞིབ་ཏུ་བསམས་ན། རྒྱལ་པོ་ཚང་དང་བོན་གཉིས་འགལ་འདུ་སོང་རྐྱེན་ཞིག་ཡིན་ན། བན་ཚང་གིས་སྦས་སྐུངས་ལས་ལྡོག་ཏེ་སྤྱི་བསྒྲགས་བྱེད་ངེས་སུ་མཐོང་མོད། གྲི་གུམ་བཙན་པོ་བཀྲོངས་རྗེས་རྒྱལ་སྲིད་དགྲ་ཟླ་ལོ་ངམ་གྱིས་མི་ལོ་ཧྲིལ་པོ་བཅུ་གསུམ་རིང་ཟིན་པར་བཤད་ཅིང༌། བརྗོད་ཟིན་ལྟར། དེའི་རིང་ལ་ལོ་ངམ་དང་ལོ་ངམ་གྱི་ཕྱོགས་གཏོགས་བོན་བློན་མི་མང་དང་བཅས་པས། གྲི་གུམ་བཀྲོངས་རྐྱེན་གྱིས་བོན་ལ་མིང་ཤས་མི་ཡོང་བ་དང༌། ལོ་ངམ་རང་ཉིད་ཀྱི་དགྲ་ཟླ་གྲི་གུམ་བཙན་པོའི་སྣང་བརྙན་ཡང་མི་མང་གི་སེམས་ངོར་གདུག་རྩུབ་ཀླ་ཀློ་ལྟ་བུ་ངན་པ་ཞིག་མཐོང་ཞིང༌། ལོ་ངམ་རང་ཉིད་དཀར་སར་བུད་པའི་ཕྱིར་དུ་ཆེད་གཉེར་གྱིས་གནས་ལུགས་མི་འདྲ་བ་ཞིག་གསལ་བཤད་རྒྱུན་རིང་བྱས་ཡོད་ངེས་ཡིན་ཏེ། ཏུན་ཧོང་ཡིག་ཆར། ང་ཅ་ ༡༢༨༧དྲྀ་གུམ་བཙན་པོར་མཚན་བཏགས་ནས། མཚན་བཏགས་ནོངསྟེ། ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱྀ་འི་མྱིཚུལ་ཏེ། མངོན་བར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱྀན་ཆེད་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། །བཙན་འདྲན་བདའ་ནས། ཡབ་འབངས་ཕ་དགུའ་དང༌། ཡུམ་འབངས་ཚན་གསུམ་ལ་དགྲ་རུ་རྒལ་གཡག་དུ་དྲུང་ཕོད་དམ་ཞེས་བཀའ་སྩལ་ན། སོ་སོ་ནས་ཀུན་གྱིས་མྱྀ་ཕོད་ཆེས་གསལཏོ། ལོ་ངམ་རྟ་རྫིས་ཀྱང་མི་ཕོད་ཅེས་གསོལ་པ་ལས་མ་གནང་སྟེ།།འུང་ནས་ལོ་ངམ་གྱྀས་གསོལ་པ། དེ་ལྟར་མི་གནང་ན། །ལྷ་འི་དཀོར་མདུང་རང་འདེབས་དང༌། རལ་གྱྀ་རང་གཅོད་དང༌། ཁྲབ་རང་གྱོན་དང༌། ཕུབ་རང་བཟུར་ལ་སྩོགས་པ་འཕྲུལ་གྱི་དཀོར་ཆེད་པོ་མངའ་བ་འྀ་རྣམས་བདག་ལ་སྩོལ་ན་ཕོད་ཅེས་གསོལ་ཏོ། ཞེས་སོགས་འབྱུང་བ་དག་གིས་ཤེས་ནུས་སོ། །
    མི་སྣའི་གནས་ལུགས་དཀྱོག་བཤད་དམ་མི་དགའ་སའི་མི་སྣ་ལ་སྒྲོ་བཀུར་ངན་པ་བསམ་བཞིན་དུ་བྱས་པ་ཡོད་དེ། གླང་དར་མགོ་ལ་ར་ཅོ་ཡོད་པར་བཤད་པ་དང༌། ལྕེ་ལེབ་ནག་པོ་ཡིན་པ། རྩིས་པ་ལུང་ཤར་དམར་གསོད་གཏོང་བའི་སྐབས་སུ་རྐུབ་ལ་རྔ་མ་མཐོ་གང་ཙམ་སྐྱེས་ཡོད་ཚུལ་བཤད་པ་དང༌། སྙིང་རྩ་ཁབ་སྦོམ་ཙམ་ལྕགས་ལ་གྱུར་ཚར་ལུགས་བཤད་པ། དམར་གསོད་བཏང་རྗེས་ལུང་ཤར་ནམ་མཁའི་སྐར་མ་ལ་སྐྱེས་སོང་རབས་སོགས་མི་དགའ་བའི་རྟོག་བཟོ་མང་དུ་སྣང་བས་མཚོན་ནུས་སོ།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།