གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༦
འདོན་ཐེངས་སྔོན་མའི་འཕྲོས།
གཞན་ཡང༌། གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཟེར་དོན་ནི་བོན་བསྣུབས་པའི་རྒྱུ་མཚན་གྱིས་མི་དགའ་ཁག་མདོགས་ཤིག་བྱས་པ་ཡིན་ཚོད་དེ། དོན་འགྲུབ་རྒྱལ་གྱིས། འདི་ནི་ལོ་རྒྱུས་ཐོག་གྲི་གུམ་བཙན་པོས་བོན་བསྣུབས་པའི་གོ་རིམ་དང་རྒྱུ་རྐྱེན་ཡིན་ལ། བོད་ཀྱི་ལོ་རྒྱུས་ཐོག་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཟེར་བའི་ནང་དོན་ངོ་མའང་ཡིན། ཞེས་གསལ་འདུག་པ་དང༌། ཡང༌། དེས་ན་བོད་ཀྱི་ལོ་རྒྱུས་དང་ཏུན་ཧོང་གཏེར་ཡིག་ལས་འབྱུང་བའི་གྲི་རུམ་བཙན་པོའི་སྣང་བརྙན་དེ་ནི་སྐུར་འདེབས་ཀྱི་རྣམ་པ་ཅན་ཞིག་ཡིན་པ་དང༌། མཚན་ལ་གྲི་གུམ་བཏགས་པའི་རྐྱེན་གྱིས་རྒྱལ་པོས་རྩལ་འགྲན་ནས་གྲོངས་ཟེར་བ་དེ་ཡང་གྲི་གུམ་བཙན་པོ་གཤེགས་པའི་རྗེས་སུ་བོན་པོ་རྣམས་ཀྱིས་སྒྲོ་བཏགས་ནས་བསྒྲིགས་པའི་གཏམ་རྒྱུད་ཅིག་ཡིན་པ་ཤེས་ཐུབ། ཅིའི་ཕྱིར་ཞེ་ན། གྲི་གུམ་བཙན་པོ་ནི་བོན་པོ་རྣམས་ཀྱིས་སྨད་ར་བཏང་བ་བཞིན་མི་གླེན་པ་ཞིག་མིན་པ་དང༌། བླང་དོར་གྱི་ཡོན་ཏན་ལྡན་ཞིང༌། ལེགས་ཉེས་འབྱེད་པའི་ཤེས་རབ་ཆེ་བ་མ་ཟད། ཆབ་སྲིད་སྐྱོང་བའི་བློ་ཁོག་ཡངས་ཤིང༌། གལ་ལ་ཐུག་ཚེ་བློན་པོ་དབང་ཆེན་རྣམས་ཀྱི་གཉའ་བ་གནོན་པ་དང༌། ཐ་ན་རྒྱང་ཕུད་གཏོང་ཐུབ་པའི་དབང་ཆ་དང་ལྡན་པ་ཞིག་རེད་ཅེས་གསལ་འདུག
མདོར་ན། གྲི་གུམ་བཙན་པོ་ལོ་ངམ་དང་འཐབ་དོན་སྲིད་དབང་གི་ཐད་ལ་བོན་ཚང་དང་འགལ་ཟླ་དྲག་ཏུ་འཕྱུར་བའི་དབང་གིས་ཡིན་གྱི། བཙན་པོ་ལ་གཞི་མེད་ཀྱི་སྒྲོ་བཏགས་ནས་གླེན་ལྐུགས་ཤིག་ཡིན་པ་ལྟ་བུས་འཛིངས་པ་ནི་མ་ཡིན་ནོ། །རྒྱལ་པོ་འདི་ནི་སྟོད་ཀྱི་སྟེང་གཉིས་ནང་གི་དང་པོ་དེ་ཡིན་པ་རེད། ༈ བཤད་སྲོལ་ལ། གྲི་གུམ་བཙན་པོ་བཀྲོངས་རྗེས་བོད་དུ་རྒྱལ་པོའི་བང་སོ་ཐོག་མ་བྱུང་རབས་བཤད་ཀྱི་ཡོད་པ་རེད། འོན་ཀྱང༌། དུང་དཀར་ཚིག་མཛོད་ལས། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྒྱལ་པོ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་བཀྲོངས་རྗེས་སྤུར་བྱུང་བ་ནས་བང་སོ་རྩིག་སྲོལ་བྱུང་བ་ལས། དེ་ཡན་ཆད་གནམ་གྱི་ཁྲི་བདུན་ལ་བང་སོ་ངོ་མ་མེད་པར་བཤད་པ་བོན་ཆོས་ཀྱི་ལོ་རྒྱུས་ཐོག་བཤད་ཚུལ་ཙམ་ལས། དོན་དངོས་སུ་བང་སོ་ས་གནས་གང་དུ་ཡོད་མེད་མི་གསལ་ཞིང༌། རྒྱལ་རབས་བརྒྱད་པ་རྒྱལ་པོ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་བཀྲོངས་རྗེས་སྤུར་མྱང་ཆུའི་ནང་དུ་དོར་བ་ཀོང་ཆུ་བརླག་བར་ཁྱེར་ཏེ་དེར་མི་ཚང་ཞིག་གི་བང་མཛོད་དུ་ཉར་བ་དང༌། སྲས་འབྲིང་བ་བྱ་ཁྲིས་བླུས་ཏེ་ཀོང་པོ་ནས་ཡར་ལུང་དུ་གདན་དྲངས། འཕྱིང་ཡུལ་ངར་ཐང༌། ¿1[0f51]ར་ཐང་¿1[0f5e]ེས་དེང་སང་འཕྱོང་རྒྱས་འཕྱིང་བར་སྟག་རྩེ་ཡོད་སའི་རྒྱུད་ཀྱི་ཐང་ཞིག་ཏུ་བང་སོ་བརྩིགས་པར་བཤད།<<རྒྱ་བོད་ཡིག་ཚང་>>ལས་ཀོང་ཡུལ་གསེ་མོ་ཕོག་ཏུ་བང་སོ་བརྩིགས་པར་བཤད། ད་དུང་ལོ་རྒྱུས་ཡིག་རྙིང་གཞན་དག་ནས་ཀྱང་ཀོང་ཡུལ་ཆ་དཀར་གསེ་མོ་ཕུག་ཏུ་བང་སོ་བརྩིགས་པར་བཤད་པ་རྣམས་བསྡུར་ན་ཐོག་མར་བང་སོ་ཀོང་པོར་བརྩིགས། རྗེས་སུ་འཕྱོང་རྒྱས་འཕྱིང་ཡུལ་དུ་གདན་དྲངས་པ་མིན་ནམ་སྙམ། ཞེས་གསལ་ལོ། ། ༈ གྲི་གུམ་བཙན་པོར་སྲས་གསུམ་སྲས་མོ་གཅིག་དང་བཞི་ཡོད་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་བཤད་ཀྱང༌། ཏུན་ཧོང་ཡིག་ཆར། (P.T. 1287)སྲས་གཉིས་ཀྱང་ཤ་ཁྱྀ་དང་ཉ་ཁྱྀར་བཏགསྟེ་རྐོང་ཡུལ་དུ་སྤྱུགསྟེ་བཀྱེ་འོ། །ཞེས་པའི་ཡིག་ཆ་ལྟར་ན་གྲི་གུམ་བཙན་པོར་སྲས་གཉིས་ཡོད་པར་གསལ་ཡོད། ཀོང་པོ་དེ་མོའི་བཀའ་གཙིགས་ཀྱི་ཡི་གེའི་ནང་དུའང༌། གཅེན་ཉ་ཁྱི་དང༌། གཅུང་ཤ་ཁྱི་གཉིས་ལས་མ་བཤད་ཅིང༌། དེ་བཞིན་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་ཀོང་དཀར་པོའི་རྗེ་དང་བཀའ་གཙིགས་གནང་བའི་ཡིག་རྙིང་ལྟུ་བུ་འདིའི་(གཤམ་གསལ་ཡིག་རྙིང་ཚོམ་བུ་འདི་ཉིད་གལ་ཆེན་ལྟ་བུ་ཞིག་ཏུ་མཐོང་སྟེ་འདིར་བཀོད་པ་ལགས་སོ། །
༡) ༄། །ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང༌། ལྡེ་སྲོང་ཡབ་སྲས་ཀྱི་རིང་ལ། རྐོང་དཀོར་པོ་ལ་གཙིགས་གནང་བའ། ཀར་པོ་མང་པོ་རྗེ་དང༌། བློན་པོ་གྱི་རུང་ཙིས་གསོལ་བ། ཐོག་མ་ཕྱ་ཡབ་བླ་བདག་དྲུག་གི་སྲས་ལས། ཉ་ཁྲི་བཙན་པོ་མྱི་ཡུལ་གྱི་རྗེར། ལྷ་རི་གྱང་དོར་གཤེགས་པ་ཚུན་ཆད། གྲི་གུམ་བཙན་པོ་ཕན་ཆད་གདུང་རབས་བདུན་གྱི་བར་དུ། ཕྱིང་བ་སྟག་རྩེ་ན་བཞུགས། གྲི་རུམ་བཙན་པོའི་སྲས་གཅེན་ཉ་ཁྱི་དང༌། གཅུང་ཤ་ཁྱི་གཉིས་ལ། གཅུང་ཤ་ཁྱི་ནི་ལྷ་བཙན་པོ། གཅེན་ཉ་ཁྱི་ནི་རྐོང་དཀར་པོའི་རྗེ། གཅེན་ཀར་པོ་ནི། ཐོག་མ་ཡབ་གཤེགས་པའི་ཚེ། མཆེད་གཉིས་ཀྱི་སྐུ་བླ་གཉན་པོ་གསོལ་བ་དང༌། སྐུ་བླ་དེ་མོ་དང་བཤོས་པ། ཡབ་བླ་བདག་བགྱིད་ཀྱིས་ཀྱང༌། ལྷ་སྲས་ཀྱི་སྐུ་རིམ་གྲོ་ལ་བདག་གི་སྲོག་ལ་བབ་པ་མན་ཆད་ཀྱི་ཆོ་གར་མཛད་པ། སྲོག་ཕོབས་མ་བགྱིས་ཏེ་ལྷ་སྲས་ཀྱི་ཆབ་སྲིད་འདི་ལྟར་མཐོ། དབུ་རྨོག་བརྩནད། ཡོང་ལྷ་སྲས་གནམ་དང་འདྲ་བའི་ཆགས་འོག་ན། གནམ་ཁོལ་དུ་གནང་བའང་ཅིས་བས་ཞིག་མཆིས་ན། བདག་ཅག་ལྟ་ཅིག ཐོག་མ་མཆེད་གྱེས་ནས། ཕ་མྱེས་དང་པོ་ལྷ་མྱི་མ་ཕྱེ་པ་ཚུན་ཆད། བདེ་སྐྱིད་ཅིང་ཆུ་སྲིད་གཡུང་དྲུང་དང་འདྲ་བར་གནང་གིས་ཀྱང༌། དེང་སང་དུ་ཁབ་སོ་དཔོན་སྣ་དག་གིས་ཁྲལ་གྱི་སྣ་བཙལ་ཏེ། གཙེས་ཤིང་མཆིས་ན། ནམ་དུའང་བདེ་བར་ཐུགས་དཔག་མཛད་པའི་གཙིགས་ཙམ་ཞིག་ཅི་གནང་ཞེས་གསོལ་ནས། དེ་བཞིན་དུ་གནང་སྟེ། གཙིགས་འཕྲ་མེན་སྒྲོམ་བུ་སྩལད་པའི་དཔེར་བྲིས་པ།
༄། །བཙན་པོ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། ཀར་པོའི་གཙིགས་གནང་བ་ལས། ལྷ་སྲས་ལྡེ་སྲོང་གི་སྐུ་རིང་ལ། གཙིགས་སྔ་མ་བས་བསྐྱེད་པར། བཀའས་གནང་བ་ནམ་ཞར་ཀྱང༌། རྐོང་དཀར་པོའི་རྒྱལ་པོར་གཞན་མྱི་གཞུག་པར། ཀར་པོ་མང་པོ་རྗེའི་བུ་ཙ་འཕེལ་རྒྱུད་ལས་སྩལད་པར་སྣང་ངོ༌། །ཀར་པོ་མང་པོ་རྗེའི་རྒྱུད་རབས་ཆད་ན་གཅེན་རྒྱལ་པོ་ཀར་པོའི་མྱིང་མྱི་རླག་པར། རྒྱལ་པོར་ཡང་ཀར་པོ་རྒྱལ་བཙན་གྱི་རྒྱུད་ལས་བསྐོས། རྒྱལ་བཙན་གྱི་རྒྱུད་ཀྱང་རབས་ཆད་ན། ཉེ་འཚམས་ལས། ཁ་ཆེམས་ཀྱིས་གང་གསོལ་བའི་ནང་ནས། སྤུང་ང་སྦྱར་ཏེ་གང་འོས་པ་གཅིག་སྩལད་པར་གནང་ངོ༌། །རྐོང་དཀར་པོའི་བྲན་དང༌། ཞིང་འབྲོག་སླན་ཆར་མྱི་དབྲི་ཞིང༌། རྗེ་བླས་དང༌། དཔྱའ་ཁྲལ་བླ་སྐྱེས་མྱི་དབབ་པ་དང༌། སྩང་ར་ཁྱབ་ནས་དང༌། འབྲས་གང་རུང༌། འབུལ་བའི་ས་ཚིགས་་་་་་་ཁུར་གྱི་ལས་མྱི་བསྲིང་བར། ལྷ་སྲས་ཡབ་ཀྱི་བཀའས་གནང་བ་བཞིན་དུ། ལྷ་སྲས་ལྡེ་སྲོང་གི་སྐུ་རིང་ལ། རྗེ་བློན་མོལ་ཏེ་བཀའས། གནང་ངོ༌། །)ནང་དུའང་སྲས་གཉིས་ལས་གསུམ་ཡོད་པར་མི་སྣང་ངོ༌། །
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།