གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༧
འདོན་ཐེངས་སྔོན་མའི་འཕྲོས།
དཔའ་བོ་གཙུག་ལག་ཕྲེང་བས། རྒྱལ་སྲས་གསུམ་ཡོད་པར་བསམས་ནས། གཅན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། འབྲིང་པོ་བྱ་ཁྲིས་སྤོ་བོའི་མངའ་དབང་མཛད། ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་ཅེས་གསུངས་པར་སྣང་ཡང༌། ཇོ་ནང་པ་ཏཱ་ར་ནཱ་ཐས་བརྩམས་པའི་<<མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་>>སམ། <<མྱང་ཆོས་འབྱུང་>>ལས་དེའི་སྐོར་གསལ་ཆ་གང་ཡང་མ་བྱུང་ཚུལ་བཤད་འདུག་ན། ཕལ་ཆེར་ཉང་པོའི་ཕྱོགས་སུ་རྒྱལ་སྲས་གསུམ་པོ་གང་རུང་ཞིག་བྱོན་ཏེ་རྒྱལ་སྲིད་བསྐྱངས་པའི་ལོ་རྒྱུས་མེད་པ་མིན་ནམ་སྙམ་ཞིང༌། གལ་ཏེ་རྒྱལ་སྲས་གསུམ་པོ་གང་ཡང་རུང་བ་ཞིག་ཉང་པོའི་ཕྱོགས་སུ་བྱོན་ནས་རྒྱལ་པོ་ཟིན་པའི་གནས་ལུགས་ཤིག་ཡོད་ན་མྱང་ཆོས་འབྱུང་ནང་ངེས་པར་དུ་འཁོད་དགོས་ངེས་ལྟ་བུ་གཞན་གྱིས་བསམས་འདུག ༈ རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་དུས་སུ་གོ་ཁྲབ་དང་རལ་གྲི་ཐོག་མར་དར། གསས་མཁར་ས་ལེ་བྱེལ་ཚང་བཞེངས། གླུ་སྲིང་མེར་ལྕམ་མམ་དབལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ཞེས་དུང་དཀར་ཚིག་མཛོད་དུ་གསལ་ལོ། །
གཉིས་པ། བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་ཡབ་ནི་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། འདི་སྐབས་རྒྱལ་རབས་རིམ་བྱུང་གཞན་དང་མི་འདྲ་བའི་རྒྱལ་སྲིད་འཕོ་འགྱུར་ཆེན་པོར་སོང་བའི་བར་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད། དེ་ཡང༌། བར་བརྒལ་འདི་ནས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་ཏེ་སྲས་རྒྱང་ཕུད་དུ་བཏང་སོང་བས། ཡང་བསྐྱར་རིགས་སྲས་ཀྱིས་རྒྱལ་རྒྱུད་ཇི་ལྟར་བཟུང་ཐུབ་ཡོད་མེད་ཀྱི་སྐོར་བཤད་རྒྱུ་གསར་པ་དེ་ཡིན་པ་རེད། རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་རྗེས་རྒྱལ་པོ་འབངས་མིར་གཏོགས་པ་བཀྲགས་ཀྱི་བུ་ལྷ་བུ་རུ་ལ་སྐྱེས་ཀྱིས་ཁྱི་བཟང་པོ་ཞིག་གི་སྤུ་ལ་དུག་བསྐུས་ཏེ་ལོ་ངམ་བསད་དེ་དགྲ་ཤ་བླངས་པ་དང༌། གྲི་གུམ་བཙན་པོའི་སྐུ་པུར་བླུས་པའི་སྐོར་སོགས་ཆེས་འཕོ་འགྱུར་ཆེ་བའི་རྒྱལ་རབས་གཉིས་ཀྱི་བར་མཐུད་བྱེད་མཁན་རུ་ལ་སྐྱེས་ཀྱི་བྱ་གཞག་ལས་འཕྲོས་པའི་གཏམ་རྒྱུད་ནི། ཏུན་ཧོང་ཡིག་ཆར།(P.T.1287)སྲས་གཉིས་ཀྱང་ཤ་ཁྱྀ་དང་ཉ་ཁྱྀར་བཏགསྟེ་རྐོང་ཡུལ་དུ་སྤྱུགསྟེ་བཀྱེ་འོ། །འུང་གྀ་རྗེས༈ལ་རྷཡ་མོ་རྷུལལ་བཞི་ཁུགས་དང༌། སྣ་ནམ་བཙན་བཞོང་རྒྱལ་གཉིས། །སྲྀད་ཀྱི་ཁྱི་བོ་ཆེ་འོན་ཟུགས་ཡར་གྲགས་དང༌། འཇང་གྀ་ཟུ་ལེ་མ་འཇང་དང་འོན་རྐུ་གཉིས་ཀྱི་སྤུ་ལ་དུག་བསྐུསྟེ། འཕྲང་པོ་འི་བྲག་གཡའ་བོ་འདའ་ནས། ཕོ་ལ་ལྟསུ་བལྟས་ན་ལྟས་བཟང་སྟེ། ཡུལ་མྱང་རོ་ཤམ་པོ་དྲུང་དུ་ལྷགས་ནས། ཐབས་ཀྱྀས་བསྒྱུད་དེ། ཁྱྀ་འི་སྤུ་ལ་དུག་ཡོད་པ་ད་ང་འྀ་རྟ་རྫིས་ཁྲིད་ནས། ཁྱྀ་བཟང་པོ་ལོ་ངམ་གྱི་ལགིས་བྱུགས་པ་དང༌། ང་འྀ་རྟ་རྫིས་ཁྱྀ་འི་སྤུ་ལ་དུག་བསྐུས་པས་ལག་པ་བྱུག་སྟེ་བསད་དེ། ཤ་བླན་ནོ། །འུང་གྀ་འོག་དུ་བཀྲགས་ཀྱྀ་བུ་ལྷ་བུ་རུ་ལ་སྐྱེས་ཕ་ཚན་དང༌། །རྷྱ་ཕ་ཚན་དུ་འཐབས་སོ། རྷྱས་བཀྲགས་རབས་བཆད། དུད་སྣ་ཕོ་ལོ།། བཀྲགས་ཀྱྀ་ཆུང་བ་གཆིག་བྲོས་ཏེ། ཕ་མྱིང་གི་ཡུལ་དུ་ཐར་ཏོ། ལྟ་ན་བུ་ཁྱེར་ཏེ་སོང་བ་བྱུང་ངོ༌།། བུ་སྤུས་ལ་འགྲེང་ནུས་ཙམ་ནས། མ་ལ་མྱྀ་གང་བྱ་གང་ལ་རྗོ་བོ་ཡོད་ན་ང་འི་རྗོ་བོ་གར་རེ། མྱི་གང་བྱ་གང་ལ། ཕ་ཡོད་ན་ང་འི་ཕ་ག་རེ་ཞེས་ཟེར་ཏོ། ང་ལ་སྟོན་ཆིག་ཅེས་མཆི་ན། མ་འྀ་མཆིད་ནས། མྱྀ་འུ་ཆུང་ཁ་མ་ཆེ་ཤིག རྟེ་འུ་ཅུང་ཁ་མ་དྲག་ང་མྱྀ་ཤེས་ཤེས་བྱས་ན། སྤུས་ཀྱྀ་བུ་ངར་ལེ་སྐྱེས་ཀྱི་མཆིད་ནས། ང་ལ་མྱི་བསྟན་ན་ཤྀར་འགྲོ་ཞེས་བགྱིས་པ་དང༌། མས་ཀྱང་གདོད་བསྟན་ཏེ། ཁྱོད་ཀྱི་ཕ་ནྀ་རྷཡས་བསད་དོ། ཁྱོད་ཀྱི་ཇོ་བོ་བཙན་པོ་ནི། ལོ་ངམ་རྟ་རྫིས་བཀྲོངསྟེ། སྤུར་ནི་ཟངས་བརྒྱའ་མ་ཁ་སྤྲོད་ཀྱྀ་ནང་དུ་བཅུག་སྟེ། རྩང་པོ་འི་གཞུང་ལ་བཏང་ངོ༌། ཆབ་གཞུག་སེར་ཚངས་སུ། ཀླུ་འོད་དེ་རིང་མོ་འི་ལྟོར་གཤེགས་སོ། །སྲས་མཆེད་གཉིས་ནྀ་ཤ་ཁྱི་དང་ཉ་ཁྱྀར་བཏགསྟེ། རྐོང་ཡུལ་དུ་སྤྱུགསྟེ་བཀྱེ་འོ། །འུང་ནས་སྤུས་ཀྱི་བུ་ངར་ལ་སྐྱེས་ཀྱི་མཆིད་ནས། ང་མྱྀ་རླགི་ནི་རྗེས་གཅོད། ཆུ་རླག་གི་ནི་དབྲེས་ཚོལ་དུ་འགྲོ་ཞེས་མཆི་ནས། ཆསྟེ་སོང་ངོ༌། རྐོང་ཡུལ་བྲེ་སྣར་དུ་སྲས་ཤ་ཁྱྀ་ཉ་ཁྱི་དང་ཡང་མཇལ་ལོ། །ཀླུ་འོ་དེ་བེད་དེ་རིང་མོ་དང་ཡང་མཇལ་ལོ། །བཙན་པོ་འི་སྤུར་ཇྀ་འདོད་པས་བླུ་ཞེས་བྱས་ན། གཞན་ཇྀ་ཡང་མྱྀ་འདོད། མྱི་འྀ་མྱིག་བྱ་མྱྀག་ལྟར་འདུག་པ་འོག་ནས་འགེབས་པ་གཆིག་འདོད་ཅེས་ཟེར་ནས། །སྤུས་ཀྱི་བུ་ངར་ལ་སྐྱེས་ཀྱིས། གནམ་མཐའ་བཞིར་བཙལ་ཀྱང་མྱི་འི་མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་མ་རྙེད་ནས། བརྒྱགས་ཆད་ལྷམ་བུག་སྟེ། སླར་མ་འྀ་གན་དུ་འོངས་ནས། མྱྀ་རླག་གི་ནྀ་རྗེས་ཆོད། ཆུ་རླགྀ་ནི་དབྲེས་ཀྱང་རྙེད་དོ། སྲས་ཤ་ཁྱི་ཉ་ཁྱྀ་དང་ཡང་མཇལད། ཀླུ་འོ་དེ་རིང་མོ་དང་ཡང་མཇལ་ན། སྤུར་གྱི་ཀླུད་དུ། མྱྀ་འི་མྱིག་བྱ་དང་མཚུངས་འོག་ནས་འགེབས་པ་གཆིག་འདོད་ཆེས་ཟེར་ན་མ་རྙེད་ཀྱྀས། ད་དུང་ཚོལ་དུ་འགྲོ་དགོས་ཀྱིས། བརྒྱགས་ཐོག་ཤིག་ཅེས་མཆི་ནས་སོང་ངོ༌།། གང་པར་འཕྲུན་གྱི་འོག་དུ་པྱིན་ན། ཆོ་མྱི་བྱ་འྀ་བུ་མོ་ཞིག་ཡུར་བ་བྱེད་པ་འྀ་གན་དུ་སོང་ན། བུ་ཁུ་ལྗོ་ན་འདུག་པ་ཞིག མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་གཆིག་འདུག་ནས། དེ་བླུ་ན་ཇི་འདོད་ཅེས་མ་ལ་དྲྀས་ན། མ་ན་རེ་གཞན་མྱྀ་འདོད། ནམ་ནམ་ཞ་ཞར། བཙན་པོ་རྗེ་དབྱལ་ཞིག་ནོངས་ན། ཐོར་ཏོ་འཕྲེན་མོ་ནི་བཅིངས། ངོ་ལ་མཚལ་གྱིས་བྱུགས། ལུས་ལ་ནི་བཞགས། བཙན་པོ་འི་སྤུར་ལ་ནི་འཚོག་མྱྀ་ལ་འཕྲོག་བཅོམ། ཟས་ལ་ནྀ་ཟ་འཐུང༌། དེ་ལྟར་བྱ་འམ་མྱི་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར། མནའ་བཆད་མཐོའ་བཆད་དམ་བགྱྀས་ཆྀག་བགྱིས་ནས། ཆོ་མྱྀ་བྱ་འྀ་བུ་མོ་ཁྲིད་དེ་སོང་ངོ༌། །ཀླུ་འོ་དེ་རིང་མོ་འི་ལྟོར་སྤུར་གྱྀ་ཀླུད་དུ་བཅུག་སྟེ་བཏང་ངོ༌། ཉ་ལྷ་གཉྀས་ཀྱིས་བཙན་པོ་འི་སྤུར་བཟུང་ངོ༌། གྱང་ཏོ་བླ་འབུབས་ཀྱི་མགུར་དུ་བང་སོ་བརྩིགསོ། གཅུང་ཉ་ཁྱྀ་ནྀ་ཡབ་ཀྱི་མདད་གཏོང་ངོ༌། གཅེན་ཤ་ཁྱྀ་ནི་ཡབ་ཀྱྀ་སྐུ་མཚལ་གཉེར་དུ་གཤེགསོ། ཉ་ཁྱི་ནི་རྐོང་དཀར་པོ་ལགསོ། དམག་སུམ་སྟོང་སུམ་རྒྱ་ཞིག་དང་ཆསྟེ་གཤེགསོ། མཁར་པྱིང་བར་གཤེགས་སོ། ཡུལ་ཡབ་ཀྱི་རྗེ་མྱི་བཞུགས་ན། པྱི་འབྲོག་གདེངས་པྱོལ་པྱོལ་གྱི་ཆའོ། དོག་ཡབ་ཀྱི་ཆར་མ་མཆིསྣ། ས་འོན་བུ་སྤུར་ཁོག་ཁོག་ཅེས་གསུངས་སོ། མེན་པ་འཕྲེང་བ་འྀ་ལ་འདའསོ། ཏིང་སྲབ་རོང་རྀངས་འདའས་སོ། བ། ཆོས་གུང་དང་དུ་གཤེགས་སོ། མྱང་རོ་ཤམ་པོར་གཤེགས་ན། ལོ་ངམ་ཕོ་བརྒྱའ་ནྀ་ཟངས་བུ་བརྒྱའ་གླད་ལ་ཕུབ་ནས་ལྕེབསོའ། །
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།