སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་ངོ་མ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༧ 
ད་ལྟའི་ཆར་༢༠༠༣ ལོར་བོད་ནས་གསར་དུ་འབྱོར་བ་རྣམས་ལ་བོད་གཞུང་གིས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་པ་བརྒྱུད་ས་གནས་གང་ས་ནས་སྐྱབས་བཅོལ་ལག་དེབ་ཚད་ལྡན་གསར་བཟོ་ཟིན་ཡོད་པ་དང། ཁག་ཅིག་གིས་གསལ་བསྒྲགས་སྔ་ཕྱི་བྱས་ཀྱང་ཐོ་འགོད་མ་བྱས་པ་དང། མང་པོ་ཞིག་གིས་ཐོ་འགོད་བྱས་ཀྱང་ལག་དེབ་གསར་བཟོའི་གསལ་བསྒྲགས་སྐབས་བཅར་མཁན་མེད་པའི་གནས་ཚུལ་མང་པོ་བྱུང་ཡོད། ༢༠༠༣ གྱི་སྔོན་དུ་འབྱོར་བའི་ནང་ནས་ལག་དེབ་མེད་པར་ཐོ་འགོད་བྱེད་མཁན་དྷ་སར་མཚོན་ན་བརྒྱད་བརྒྱ་ལྷག་ཡོད་ཀྱང། དངོས་སུ་བཟོ་སྐབས་སུམ་བརྒྱ་ལྷག་ལས་བཅར་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད། གང་ལྟར་ད་ལྟའི་ཆར་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་ཡོད་མཁན་རྣམས་ཀྱི་ནང་དུ་གདམ་ག་བཞི་ཡོད་པ་དང། དེ་ཡང་སྐྱབས་བཅོལ་དང། སློབ་སྦྱོང། གནས་སྐོར། གཞན་དག་ཅེས་ཡོད་པའི་ནང་ནས་སྐྱབས་བཅོལ་ཞེས་པ་དེར་རྟགས་བརྒྱབ་ཡོད་མཁན་ཧ་ཅང་དཀོན་པ་དང། སློབ་སྦྱོང་ཡང་དེ་ཙམ་མང་པོ་འཁོད་མེད་པ་དང། མང་པོ་ཞིག་ལ་གནས་སྐོར་འཁོད་ཡོད་པའི་གནས་ཚུལ་ཡོད་པ་རེད།

ཐོ་དེ་ལྟར་འགོད་དོན་ནི་གསར་འབྱོར་བ་ཁག་ཅིག་ཐོག་མ་གནས་སྐོར་དུ་ཡོང་བས་དེ་ལྟར་འགྲེལ་བརྗོད་བྱས་པ་དང། རྒྱ་གར་དུ་འབྱོར་རྗེས་བསམ་བློ་འགྱུར་ནས་ཕྱིར་ལོག་མ་བྱས་པར་དཀའ་ངལ་འཕྲད་པ་ཡིན་མོད། མང་ཆེ་བས་སློབ་སྦྱོང་གི་ཆེད་དུ་དང། སྐྱབས་བཅོལ་དུ་ཡོང་བ་ཡིན་པའི་འགྲེལ་བརྗོད་ཇི་ལྟར་ཞུས་ཀྱང་ལག་དེབ་ཀྱི་ནང་དུ་དེ་ལྟར་འཁོད་མེད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། གསར་འབྱོར་བ་ཚོ་ལ་མཚོན་ན་སྤྱི་ཚོགས་གསར་པ་ཞིག་གི་ནང་དུ་སླེབས་པ་དང། སྐད་ཡིག་གི་ཐོག་ནས་གོ་བརྡ་འཕྲོད་མེད་སྟབས་རྗེས་སུ་མ་གཏོགས་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་གྱི་ཁེ་ཉེན་གང་ཡིན་ངོས་ཟིན་གྱི་མེད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། བོད་གཞུང་བལ་ཡུལ་སྣེ་ལེན་ཁང་གི་ངོས་ནས་གནད་དོན་འདི་རང་གི་ཐོག་བོད་ནས་གསར་དུ་འབྱོར་བ་རྣམས་ལ་རེ་རེ་བཞིན་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་གྱི་ཕན་ནུས་དང། དེའི་ནང་དུ་ཚིག་དོན་འགོད་ཕྱོགས་སོགས་ལ་འགྲེལ་བརྗོད་ཞིབ་ཕྲ་འཚེམས་ལུས་མེད་པར་གནང་དགོས་པ་དང། དྷ་སའི་སྣེ་ལེན་ཁང་དུ་འབྱོར་སྐབས་དུས་འགྱང་ངམ་སྐྱབས་བཅོལ་ལག་ཁྱེར་བཟོ་ཕྱོགས་སོགས་ལ་སྣེ་ལེན་ཁང་གིས་ལམ་སྟོན་ཁ་གསལ་གནང་དགོས་པ་ཧ་ཅང་གལ་ཆེ། དེ་ལྟར་མ་གནང་ན་རྗེས་སུ་གཞུང་དང་མི་མང་གཉིས་ཀ་ལ་དཀའ་ངལ་མང་པོ་འཕྲད་གཞི་རུ་འགྱུར་བཞིན་པ་དངོས་ཡོད་གནས་ཚུལ་དུ་གྱུར་འདུག་པས་དེའི་ཐད་དམིགས་བསལ་དགོངས་བཞེས་གནང་དགོས་པར་མཐོང།
    བོད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་མང་པོ་ཞིག་གིས་གསར་འབྱོར་བའི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་དྲི་བར་ལན་འདེབས་སྐབས། ཕྱི་རྒྱལ་དུ་འགྲོ་རྒྱུ་དང་འབྲེལ་བ་སྦྱར་ནས་གསུང་སྲོལ་ཞིག་ཡོད་མོད། དོན་དངོས་ཐོག་གསར་འབྱོར་བའི་སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་དེ་ཕྱི་རྒྱལ་དུ་འགྲོ་རྒྱུ་གཅིག་པུ་གཏན་ནས་མ་ཡིན་པར། རང་ཉིད་ཀྱི་འཚོ་ཐབས་ཆེད་ཐ་ན་གད་རྒྱག་གི་ལས་ཀ་ཞིག་བཙལ་ཡང་སྐྱབས་བཅོལ་ལག་དེབ་དགོས་པ་དང། ཡར་མར་འགྲོ་བའི་སྐབས་ཉེན་རྟོག་པས་འཛིན་བཟུང་བྱེད་རྒྱུའི་ཞེད་སྣང་ཆེན་པོ་ཡོད་པ། ལྷག་པར་དུ་འདས་པའི་ལོ་བཅུ་ཕྲག་ཙམ་གྱི་རིང་ལ་ཕྱི་མིག་ཅིག་བལྟས་ན་གསར་འབྱོར་བ་སྐྱབས་བཅོལ་ལག་དེབ་མེད་མཁན་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་པ་མང་པོ་བྱུང་ཡོད་ལ། ད་ལྟ་བཙོན་ཁང་དུ་ཡོད་པའང་ཡོད། ལྷག་པར་དུ་ཆུ་བ་དབང་ཕྱུག་དང། ཚེ་ལོ་རྒྱལ་གཉིས་ལ་མཚོན་ན་དྷ་སའི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང། སྐྱབས་བཅོལ་ལག་དེབ་མེད་པས་དུས་ཡུན་གང་འཚམས་རིང་བཀག་སྐྱིལ་དང་རྗེས་སུ་རྒྱ་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་མ་ཟད། གཉིས་ཀ་དུས་མིན་རྐྱེན་འདས་སུ་གྱུར་པའི་གནས་ཚུལ་བྱུང་ཡོད། དེར་བརྟེན་གསར་འབྱོར་བའི་སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་ནི་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཆེད་ཙམ་མ་ཡིན་པར་ཚེ་སྲོག་དང་འཚོ་བ་གཉིས་ཀར་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།