བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི།
བཙན་བྱོལ་ནང་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་དང་མ་འོངས་པའི་ཉེན་ཁའི་སྐོར།
དྲི་བ། བོད་པ་རྒྱ་གར་དུ་བསྡད་ནས་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་གཞུང་གི་ངོས་ནས་ལས་དོན་གྲུབ་འབྲས་ཆེ་ཤོས་ག་རེ་ལ་ངོས་འཛིན་གནང་གི་ཡོད།
ལན། ལོ་ལྔ་བཅུའི་ནང་གྲུབ་འབྲས་ཆེ་ཤོས་འདི་ཡིན་ཞེས་ཟུར་དུ་བཏོན་ནས་ངོ་སྤྲོད་བྱེད་རྒྱུའི་དོན་ཚན་གཅིག་ཁག་པོ་རེད་བསམ་གྱི་འདུག སྤྱིར་བཏང་བཙན་བྱོལ་གཞུང་གི་ལྟ་སྟངས་དེ་གྲུབ་འབྲས་མ་ཐོན་པ་དང། སྐྱོན་གང་དུ་འདུག དེའི་ཐོག་གཙོ་བོ་བལྟས་པ་མ་གཏོགས། གྲུབ་འབྲས་ཐོན་པ་ངོས་འཛིན་བྱེད་རྒྱུའི་ཐོག་ལ་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་མ་རེད།
ཡིན་ནའང་ང་ཚོའི་ལོ་ལྔ་བཅུའི་བཙན་བྱོལ་གྱི་གནས་བབས་ལ་ཁྱོན་ཡོངས་ནས་བལྟས་པ་ཡིན་ན། ཧ་ཅང་ཧང་སང་དགོས་པའི་གྲུབ་འབྲས་དེ་འདྲ་བྱུང་ཡོད་པ་རེད་བསམ་གྱི་ཡོད། ༡༩༥༩ ལོ་བོད་མི་ཁྲི་ཚོ་བརྒྱད་ཙམ་སྐྱབས་བཅོལ་ལ་འབྱོར་བའི་སྐབས་མི་ཚང་མར་ཟླ་བ་ཁ་ཤས་ནས་ལོག་འགྲོ་རྒྱུ་ཡིན་པའི་བསམ་ཚུལ་ཞིག་མ་གཏོགས། ལོ་ལྔ་བཅུར་སྐྱབས་བཅོལ་ནང་དུ་ལུས་ཀྱི་རེད་བསམ་པ་ཞིག་ཧ་ལམ་སྐྱབས་བཅོལ་བ་སུ་ལའང་ཡོད་པ་མ་རེད། དེ་ང་ཚོའི་དངོས་བྱུང་གི་ཉམས་མྱོང་ནས་དྲན་གྱི་འདུག མི་ཚང་མས་བོད་ནང་གསུམ་བཅུའི་རྗེས་ཀྱི་གྱེན་ལངས་དང། དེའི་གཉའ་གནོན་གྱི་ཟིང་འཁྲུག་འཇགས་པ་ཡིན་ན། མགྱོགས་པོར་བོད་དོན་འགྲིག་འཇགས་ཡོང་བ་དང། ལོག་རྒྱུའི་བསམ་བློ་འཁོར་གྱི་ཡོད་པ་རེད། དེ་འདྲའི་སྐབས་སུ་ྋསྐྱབས་མགོན་རིན་པོ་ཆེས་ཧ་ཅང་གི་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས། རྒྱ་གར་ནང་དུ་བོད་མི་སྟོང་ཕྲག་མང་པོ་མཉམ་གནས་བྱེད་ཐུབ་པའི་གཞིས་ཆགས་ཁག་བཙུགས་གནང་བ་དེ། ད་ལྟ་ང་ཚོས་ཕྱིར་བལྟས་སློག་པའི་སྐབས་ལ་ཧ་ཅང་གིས་དགོངས་པ་བཞེས་ཕྱོགས་མ་ནོར་བ་དང། གྲུབ་འབྲས་ཆེན་པོ་ཞིག་རེད་བསམ་གྱི་ཡོད། རྒྱ་གར་ལྟ་བུའི་མི་འབོར་ཧ་ཅང་ཆེ་བའི་རྒྱལ་ཁབ་ཀྱི་ནང་དུ་བོད་མི་ཁྲི་ཚོ་བརྒྱད་ཁ་འཐོར་ནས་ཕྱིན་པ་ཡིན་ན། དུས་ཚོད་ཐུང་ཐུང་ཞིག་གི་ནང་བརླགས་འགྲོ་རྒྱུའི་བཟོ་འདྲ་རེད། དེ་དང་ཆབས་ཅིག་ཏུ་སྐྱབས་བཅོལ་ནང་གསར་དུ་སྐྱེས་པའི་ན་གཞོན་དེ་ཚོ་རྒྱ་གར་མི་ཆགས་རྒྱུ་རེད་མ་གཏོགས། བོད་མི་བྱས་ནས་སྡོད་ཐུབ་རྒྱུ་ཧ་ལམ་ཁག་པོ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་སྐབས་དེར་ྋསྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་བཙན་བྱོལ་བོད་མི་ཚོ་ཁ་འཐོར་དུ་མ་བཀྲམ་པར་ས་ཞིང་སོ་ནམ་གཙོ་བོ་བྱས་པའི་གཞིས་ཆགས་ཁག་མང་པོ་བཙུགས་ནས། དེའི་ནང་མཉམ་སྡོད་བྱེད་ཐུབ་པ་དང། བོད་རིགས་ན་གཞོན་ཡོངས་རྫོགས་རྒྱ་གར་གྱི་སློབ་གྲྭའི་ནང་མ་བཏང་བར། བོད་པའི་སློབ་གྲྭ་ཟུར་འཛུགས་གནང་བ་དེ་གཉིས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་པའི་མཛད་རྗེས་རླབས་ཆེན་དང། དེ་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ་བོད་ཀྱི་རྩ་དོན་གྱི་འཐབ་རྩོད་དང། བོད་ཀྱི་ཆོས་དང་རིག་གཞུང། དེའི་གཞི་རྩ་སྐད་ཡིག་དང་བཅས་པ་འཛིན་སྐྱོང་ལོ་ལྔ་བཅུའི་རིང་ལ་ཧ་ཅང་གཟེངས་སུ་ཐོན་པ་གནང་ཐུབ་པ་དེ་སྐབས་དེ་དུས་བོད་མི་བཙན་བྱོལ་བར་གཟིགས་སྐྱོང་གནང་སྟངས་ལ་རག་ལས་པ་ཞིག་ཆགས་བསྡད་ཡོད་པ་རེད། བོད་པ་མཉམ་སྡོད་བྱེད་སའི་གཞིས་ཆགས་བཙུགས་པ་དང། བོད་ཕྲུག་གི་ཆེད་དུ་སློབ་གྲྭ་ཁག་བཙུགས་གནང་བ་དེ་གྲུབ་འབྲས་ཆེ་ཤོས་ལ་བརྩི་ཆོག་གི་རེད་བསམ་གྱི་འདུག
དྲི་བ། ལོ་ལྔ་བཅུའི་རིང་བོད་གཞུང་ལ་ཆབ་སྲིད་ཀྱི་ཐོག་ནོར་འཁྲུལ་འདི་ཤོར་འདུག་སྙམ་པའི་ངོས་འཛིན་གནང་རྒྱུ་ཡོད་དམ།
ལན། ཆབ་སྲིད་ཀྱི་ཐོག་ནོར་འཁྲུལ་ཤོར་བ་ཧ་ལམ་ཡོད་པ་མ་རེད་བསམ་གྱི་འདུག ཆབ་སྲིད་ཀྱི་ཐག་གཅོད་གང་འདྲ་ཞིག་ཡིན་ནའང། མཐའ་མ་དེར་ྋསྐྱབས་མགོན་རིན་པོ་ཆེར་དགོངས་སྐོར་བཀའ་སློབ་ཞུས་ནས་མ་གཏོགས་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཐག་གཅོད་བྱེད་ཀྱི་ཡོད་པ་མ་རེད། ང་ཚོས་འདས་པའི་ལོ་ལྔ་བཅུའི་རིང་གི་བོད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕྱིར་བལྟས་ཤིག་སློག་ན། ནོར་འཁྲུལ་འདི་ཕྱིན་པ་རེད་ཟེར་རྒྱུ་ཞིག་ཕལ་ཆེར་ཡོད་པ་མ་རེད་བསམ་གྱི་འདུག ཆབ་སྲིད་ཀྱི་ཐོག་ནས་གྲུབ་འབྲས་ཐོན་པ་ལ་ཆ་བཞག་ན། བོད་པའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ངོ་བོར་བསྒྱུར་གནང་བ་དེ་རེད། མིས་འཇོན་ན་མང་གཙོའི་སྒྲིག་འཛུགས་དང། ལམ་སྲོལ་ཆ་ཚང་བ་ཞིག་ལོ་ལྔ་བཅུའི་རིང་བཟོ་ཐུབ་པ་དེ་ཡང་གྲུབ་འབྲས་ཆེན་པོ་ཞིག་རེད། ལྷག་པར་དུ་རྩ་དོན་གྱི་ཐོག་ལ་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཀྱི་ཐག་གཅོད་དུས་ནས་དུས་སུ་གནང་བ་དེ་ཚོ་ད་ལྟ་ཕྱིར་བལྟས་སློག་དུས། འདི་ནོར་འཁྲུལ་ཕྱིན་པ་རེད་ཅེས་ཧ་ལམ་བཤད་རྒྱུ་མེད་པ་ལྟ་བུ་ཆགས་བསྡད་ཡོད་པ་རེད།
དྲི་བ། མ་འོངས་པར་བཙན་བྱོལ་ནང་རྒྱུན་རིང་སྡོད་དགོས་བྱུང་ན། ཉེན་ཁ་ཆེ་ཤོས་ག་རེ་ལ་ངོས་འཛིན་གནང་གི་ཡོད།
ལན། མ་འོངས་པར་ལས་དོན་གལ་གནད་ཆེ་ཤོས་གལ་སྲིད་བསྒྲུབ་མ་ཐུབ་ན། ཉེན་ཁ་ཆེ་ཤོས་དེ་བོད་མི་ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་དང། ན་གཞོན་ཚོ་བོད་མི་རང་གི་ངོ་བོར་གསོ་སྐྱོང་བྱེད་རྒྱུའི་ཐབས་ཤེས་བྱེད་རྒྱུ་དེ་རེད་བསམ་གྱི་འདུག བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཤིས་ཀ་དང། བཟང་སྤྱོད་དེ་བརླགས་སོང་ན། གཞན་པ་ང་ཚོས་གྲུབ་འབྲས་ག་རེ་ཐོན་ནའང་ཕན་ཐོགས་མེད་པ་ཞིག་ཆགས་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད། དེར་བརྟེན། དེང་སང་ང་ཚོར་དོགས་པ་ག་རེ་ཡོང་གི་ཡོད་པ་རེད་ཟེར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཟང་སྤྱོད་ཉམས་ཆག་འགྲོ་ཡི་མེད་འགྲོ་བསམ་སོང། ལྷག་པར་དུ་དངུལ་དང་དཔལ་འབྱོར་ལ་རྔམ་པ་དང། ནུབ་ཕྱོགས་སུ་འགྲོ་རྒྱུའི་ཆེད་དུ་སྐྱག་རྫུན་བཤད་དགོས་བྱུང་ན་ཐེ་ཚོམ་མེད་པ། རྐུན་མ་བྱེད་དགོས་བྱུང་ན་ཐེ་ཚོམ་མེད་པ། དེ་འདྲ་མང་པོ་སླེབས་ཡོང་དུས་ང་ཚོའི་སེམས་ནང་ལ་ཞེད་སྣང་ཞིག་ཡོང་གི་འདུག ང་ཚོས་ཏན་ཏན་འཐུས་ཤོར་ཆེན་པོ་ཞིག་ཕྱིན་པ་མིན་འགྲོ། ལྷག་པར་དུ་བཟང་སྤྱོད་ཀྱི་ཐོག་ནས་འཐུས་ཤོར་ཕྱིན་པ་མིན་འགྲོ། སློབ་སྦྱོང་གི་ཐོག་ནས་ཧ་ཅང་གཟེངས་སུ་ཐོན་པ་མ་བྱུང་ནའང། རྒྱུགས་འཕྲོད་ཙམ་ཞིག་བྱས་ནས་མཐོ་རིམ་སློབ་གྲྭར་སླེབས་འགྲོ་ཡི་ཡོད་པ་རེད། ཡིན་ནའང་བཟང་སྤྱོད་ཀྱི་ཐོག་ནས་ཧ་ལམ་བདུན་ཕྲག་ངོ་རེ་བཞིན་དུ་གསར་འགྱུར་བརྒྱུད་ལམ་ཁག་དང། དངོས་སུ་ཉམས་མྱོང་གི་ཐོག་ནས་བོད་པས་ཡས་བྱས་པ་རེད། མས་བྱས་པ་རེད་ཟེར་བའི་སྐད་ཆ་གོ་ཡོང་དུས། ཏན་ཏན་ང་ཚོས་བཟང་སྤྱོད་འཛིན་སྐྱོང་གི་ཐོག་འཐུས་ཤོར་འགྲོ་ཡྀ་ཡོད་པ་དང། ད་ལྟ་ནས་གཟབ་གཟབ་བྱེད་མ་ཐུབ་ནས་མ་འོངས་པར་འཐུས་ཤོར་ཕྱིན་པ་ཡིན་ན་བོད་པའི་ངོས་འཛིན་རྩ་བརླག་འགྲོ་བ་དང། མ་འོངས་པར་ཆབ་སྲིད་ཀྱི་ཐོག་ནས་རང་སྐྱོང་མ་ཟད་རང་བཙན་གཙང་མ་ཞིག་ཐོབ་ནའང། རྒྱ་ནག་ནང་བཞིན་གྱི་རྒྱལ་ཁབ་ཅིག་ཆགས་ན་ཕན་ཐོགས་ཤིག་མི་འདུག དེ་ལས་རྒྱ་མིའི་འོག་ཏུ་བསྡད་ན་ཡག་གི་རེད། བོད་པའི་རིག་གཞུང་དང་བཟང་སྤྱོད་རྒྱུན་འཛིན་བྱེད་མ་ཐུབ་པ་ཡོང་རྒྱུ་དེ་ཉེན་ཁ་ཆེ་ཤོས་དང། རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་དེ་ལས་འགན་གལ་ཆེ་ཤོས་ཤིག་ལ་མཐོང་གི་ཡོད།
བཙན་བྱོལ་བོད་གཞུང་གི་ཆབ་སྲིད་གནས་བབས་སྐོར།
དྲི་བ། བོད་གཞུང་གིས་དང་ཐོག་ཚད་མཐོའི་རང་སྐྱོང་ཟེར་ནའང་རེད། བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་དགོས་པ་དང། དེ་ཡང་མང་གཙོ་དང། ཚད་ལྡན་གྱི་ཁྲིམས་ཁང་ཡོད་པའི་སྲིད་བྱུས་ཤིག་ལ་འབད་བརྩོན་གནང་བ་རེད། བཀའ་བློན་ཁྲི་པ་སྐུ་ཉིད་ཀྱིས་ཀྱང་བོད་གཞུང་གི་རྩ་དོན་འདྀ་ཁྲོམ་རའི་ནང་གི་ཅ་ལག་བཞིན་སྤོར་གཅོག་གང་ཡང་མེད་ཅེས་གསུངས་མྱོང་བ་རེད། ཡིན་ནའང་ཉེ་བའི་ཆར་རྒྱ་ནག་ལ་ཕུལ་བའི་བསམ་ཚུལ་ཡིག་ཆ་ནང་ཁྲིམས་ཁང་དང། མང་གཙོ་ཕལ་ཆེར་བློས་བཏང་ཚར་བ་རེད། མ་འོངས་པར་རྒྱ་ནག་གཞུང་གིས་ད་ལྟའི་དགོས་འདུན་ལས་མར་བཅགས་ནས་གྲོས་མོལ་བྱེད་རྒྱུ་ཡིན་པའི་དགོས་འདུན་བཏོན་ན་བོད་གཞུང་ལ་གྲ་སྒྲིག་ག་རེ་ཡོད།
ལན། རྒྱ་ནག་གི་ངོས་ནས་ད་ལྟའི་དགོས་འདུན་ལས་མར་གཅོག་དགོས་ལབ་རྒྱུ་ཞིག་ཡོད་པ་རེད་དམ། ལར་ནས་སྔོན་མ་ཡིན་ནའང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་བཙན་བྱོལ་གཞུང་གིས་ལབ་མྱོང་ཡོད་པ་མ་རེད། མིང་དོན་མཚུངས་པའི་རང་སྐྱོང་དང། དོན་སྙིང་ལྡན་པའི་རང་སྐྱོང་ཟེར་བ་དེ་སི་ཊ་སི་སྦག་ཏུ་གསུང་བཤད་དུ་གསུངས་པ་བཞིན་ད་ལྟ་བར་དུ་དབུ་མའི་ལམ་གྱི་སྙིང་དོན་ལ་འགྱུར་བ་མེད་པའི་ཐོག་ནས་ཕེབས་བསྡད་པ་ཞིག་རེད། རྒྱ་ནག་གི་ངོས་ནས་ཚད་མཐོའི་རང་སྐྱོང་ཟེར་ནས་ལབ་བསྡད་ཡོད་པ་རེད་མ་གཏོགས། ང་ཚོའི་ངོས་ནས་ཚད་མཐོའི་རང་སྐྱོང་དང། བོད་ཆེན་པོ་ཟེར་བའི་ཚིག་དེ་ནམ་ཡང་བེད་སྤྱོད་གཏོང་མ་མྱོང་བ་ཞིག་རེད། ཁོང་ཚོའི་ངོས་ནས་ང་ཚོས་དེ་ལྟར་ལབ་ཀྱི་འདུག་ཟེར་བ་དེ་བདེན་པ་མིན་པའི་འཁྱོག་བཤད་ཅིག་རེད། ང་ཚོས་༢༠༠༨ ལོར་སྤྲད་པའི་བསམ་འཆར་ཡིག་ཆ་དེ་༢༠༠༢ ལོ་ནས་འབྲེལ་མོལ་ཐེངས་བདུན་བྱས་པའི་མཐའ་མའི་གྲུབ་དོན་ཟེར་ནའང་རེད། ཕར་ཚུར་སྐད་ཆ་བཤད་པའི་མཐའ་མ་དེ་ལ་སྤྲད་པ་རེད། ཡིག་ཆ་དེ་ཆ་ཚང་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་འཛིན་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཀྱི་ཆ་རྐྱེན་དང། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་གཞིའི་ཆ་རྐྱེན་རྣམས་དོན་ཚན་རེ་རེ་བཞིན་དུ་ལུང་དྲངས་ནས་འགྲེལ་བཤད་བརྒྱབ་ཡོད་པ་རེད། དེའི་ནང་དུ་མཐོ་དྲགས་པ་དང། དམའ་དྲགས་པའི་སྐད་ཆ་བཤད་ས་ཡོད་པ་མ་རེད། གལ་སྲིད་མཐོ་དྲགས་པ་རེད། དམའ་དྲགས་པ་རེད་ཟེར་གྱི་ཡོད་ན་རྩ་ཁྲིམས་མཐོ་དྲགས་པ་དང་དམའ་དྲགས་པ་ཆགས་ཀྱི་ཡོད་པ་རེད། རྩ་ཁྲིམས་ལ་འགྱུར་བ་བཏང་ན་གནས་ཚུལ་ལོག་ཀ་རེད། རྩ་ཁྲིམས་ལ་འགྱུར་བ་མ་བཏང་ན། ང་ཚོའི་དེ་མཐོ་དམན་གྱི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། ཁོ་རང་ཚོའི་ལན་འདེབས་ཀྱི་ནང་དུའང་རྒྱབ་ལྗོངས་ཀྱི་བསམ་བློའི་ནང་དུ་ཕྱེད་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན་འདུག་ལབ་ཀྱི་ཡོད་པ་རེད་མ་གཏོགས། དོན་ཚན་འདི་ཁྲིམས་དང་མཐུན་གྱི་མི་འདུག དོན་ཚན་འདི་མཐོ་དྲགས་ཀྱི་འདུག དམའ་དྲགས་འདུག་ཅེས་ཚིག་གཅིག་ལབ་ཡོད་པ་མ་རེད། ལབ་ཐུབ་ཀྱི་ཡང་མ་རེད། ཉེ་ཆར་གྱི་རྩོམ་ཡིག་དེ་ཚོར་བལྟས་པ་ཡིན་ན། རྩ་ཁྲིམས་འགྲིགས་ཡོད་པ་མ་རེད་མདོག་མདོག མཱ་ཁེ་སི་ལེ་ནིན་གྱི་ལྟ་གྲུབ་ནང་དུ་གྲངས་ཉུང་མི་རིགས་ལ་མི་རིགས་ས་གནས་རང་སྐྱོང་སྤྲོད་རྒྱུའི་ལྟ་གྲུབ་དེ་འགྲིགས་ཡོད་པ་མ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་འདྲ་བཤད་པ་ཡིན་ན་གནས་ཚུལ་ལོག་ཀ་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་རྩ་ཁྲིམས་དང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས། རྩ་ཁྲིམས་ལ་ཆ་འཇོག་བྱས་ན་ང་ཚོའི་དགོས་འདུན་འདི་མཐོ་དྲགས་འདུག འདི་ནས་དམའ་རུ་གཏོང་དགོས་ལབ་ཤེས་ཀྱི་མ་རེད་བསམ་གྱི་འདུག
དྲི་བ། བོད་པ་ཚོས་བདག་ཉིད་ཆེན་པོ་གྷན་དྷི་ཡི་འཚེ་མེད་ཞི་བའི་ལྟ་གྲུབ་དང། ཁོང་གི་རྒྱ་གར་རང་བཙན་འཐབ་རྩོད་གནང་སྟངས་སྐོར་ལ་ཡིད་སྨོན་དང། ཆ་འཇོག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་བདག་ཉིད་ཆེན་པོ་གྷན་དྷི་ཡིས་མི་མང་གི་སྣེ་ཁྲིད་དེ་དབྱིན་གཞུང་ལ་ངོ་རྒོལ་ཐེངས་མང་གནང་ཡོད་པ་རེད། བོད་པའི་དབུ་ཁྲིད་ཚོས་བོད་ནང་གི་མི་མང་མཉམ་དུ་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་ཐབས་མ་གནང་བའི་རྒྱུ་མཚན་ག་རེ་ཡིན་ནམ། དེ་བཞིན་དབུ་ཁྲིད་མང་པོ་ཞིག་གིས་མི་མང་གི་བདེ་སྡུག་ཆེད་ངོ་རྒོལ་ལས་འགུལ་འདྲ་མིན་སོ་སོའི་ས་ཐོག་ནས་སྤེལ་ཡོད་པ་རེད། བོད་པར་དེ་འཚམས་པོ་མེད་པ་ཡིན་ནམ།
ལན། ངོ་རྒོལ་ལས་འགུལ་གང་དུ་སྤེལ་དགོས་པ་རེད། སུ་ལ་སྤེལ་དགོས་པ་རེད། ང་ཚོའི་ཐོག་ལ་དབང་བསྒྱུར་བྱེད་མཁན་དེ་རྒྱ་མི་རེད། རྒྱ་མི་རྒྱ་ནག་ན་བསྡད་ཡོད་པ་རེད་མ་གཏོགས་རྒྱ་གར་དུ་ཡོད་པ་མ་རེད། ནུབ་ཕྱོགས་ལ་ཡོད་པ་མ་རེད། ང་ཚོ་བོད་ནང་དུ་ཡོད་ན། ཏན་ཏན་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བྱེད་ཐུབ་པ་ཡིན་ན། བྱེད་དགོས་པ་རེད། གྷན་དྷྀ་དབྱིན་ཇིའི་འོག་ལ་བཞུགས་པའི་གནས་བབས་དང། བོད་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་བསྡད་པའི་གནས་བབས་གཉིས་ལ་གནམ་སའི་ཁྱད་པར་ཡོད་པ་མི་ཚང་མས་ཤེས་ཀྱི་ཡོད་པ་རེད། ད་ལྟའི་གནས་སྐབས་ལ་བོད་ནང་དུ་ཡོད་མཁན་ཚོས་སྔ་ལོ་ནས་བཟུང་སྟེ་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ནས་ངོ་རྒོལ་མང་པོ་བྱས་ཡོད་པ་རེད། ངོ་རྒོལ་མ་བྱས་པ་རྩ་བ་ནས་མ་རེད། སྲོག་ལ་ཉེན་ཁ་ཡོད་པ་རེད། ལུས་ལ་ཉེན་ཁ་ཡོད་པ་རེད། ད་དུང་ཡང་འཛེམས་ཟོན་མེད་པ་བྱས་ནས་ངོ་རྒོལ་བྱས་བསྡད་ཡོད་པ་རེད། བཙན་བྱོལ་གཞུང་གི་ངོས་ནས་བོད་ནང་ལ་ངོ་རྒོལ་གྲ་སྒྲིག་བྱེད་དགོས་པ་དང་མཉམ་ཞུགས་བྱེད་དགོས་པ་དེ་ཡོང་རྒྱུ་མེད་པ་དང། བསྒྲུབ་མི་ཐུབ་པའི་གནས་སྟངས་ཤིག་རེད།
དྲི་བ། བཀའ་བློན་ཁྲི་པ་དེ་མི་སྐྱ་དང། དེ་ཡང་བུད་མེད་ཅིག་བྱུང་ན་ཞེས་ྋགོང་ས་མཆོག་གིས་གསུངས་ཡོད་པ་དང། བཀའ་བློན་ཁྲི་པ་སྐུ་ཉིད་ཀྱིས་ཀྱང་དེ་གལ་ཆེན་པོར་བརྩིས་ནས་མང་ཚོགས་ནང་ཐེངས་མང་གསུངས་སོང། བོད་གཞུང་གིས་བདེན་པ་དང་འཚེ་བ་མེད་པའི་སྲིད་ཇུས་སྲ་བརྟན་འཛིན་རྒྱུ་རྩ་བའི་དམིགས་ཡུལ་ཡིན་པས། ཤེས་འཇོན་ཉམས་མྱོང་ཡོད་ན་དེ་གྲྭ་བཙུན་ཞིག་གིས་བསྒྲུབ་ནའང་མ་འགྲིག་པའི་གནད་དོན་ག་རེ་ཡོད་པ་རེད་དགོངས་ཀྱི་ཡོད།
ལན། ཚིག་དེ་ལབ་སྟངས་ཏག་ཏག་རང་བསྡད་ཡོད་པ་མ་རེད་བསམ་གྱི་འདུག། ཁྱིམ་པ་ཞིག་དགོས་ཀྱི་རེད། བུད་མེད་ཅིག་དགོས་ཀྱི་རེད་ཅེས་ང་ཚོས་ལབ་ཡོད་པ་མ་རེད། ཁྱིམ་པ་ཞིག་བྱུང་ན་ཡག་པོ་ཡོད་པ་རེད། དེ་ཡང་བུད་མེད་ཅིག་བྱུང་ན་དེང་རབས་དང་མཐུན་པའི་འཛམ་བུ་གླིང་ནང་ཡག་པོ་ཡོང་གི་རེད་ཟེར་བ་མ་གཏོགས། སྤྱིར་བཏང་མང་གཙོའི་ལམ་སྲོལ་ནང་ག་འདྲ་ཞིག་འདེམས་དགོས་དང་མི་དགོས་སྒང་ནས་མར་བཀོད་འདོམས་བྱེད་རྒྱུ་ཡོད་པ་མ་རེད། འདི་འདྲ་ཞིག་འདེམས་དགོས་པ་རེད་ལབ་ན། འདེམས་མཁན་གྱི་མང་གཙོའི་ཁེ་དབང་ཕྲོགས་པ་རེད། ཡིན་ནའང་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་སོ་སོའི་བསམ་ཚུལ་འདོན་པའི་ཐོབ་ཐང་ཞིག་ཡོད་པ་རེད། བསམ་ཚུལ་འདོན་པའི་སྐབས་ྋསྐྱབས་མགོན་རིན་པོ་ཆེས་ངས་ཆབ་སྲིད་ཀྱི་འགོ་ཁྲིད་ཁྱེད་རང་ཚོས་འདོམས་ཟེར་ནས་འགན་དབང་བསྐུར་བའི་སྐབས་ལ། ང་རང་གི་བསམ་ཚུལ་ལ་མི་ལོ་གཞོན་གཞོན། ཁྱིམ་པ། ནུས་པ་དང་འཇོན་ཐང་ཡོད་མཁན། ལྷ་རབ་བྱུང་ན་བུད་མེད་ཅིག་འདེམས་ཡོང་གི་རེད་བསམ་སོང་མོད། ཁོང་ཚོས་ཡང་བསྐྱར་གྲྭ་པ་རྒས་འཁོགས་ཤིག་བདམས་ཡོང་བ་རེད། ཡིན་ནའང་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་བདམས་ཡོང་དུས་ང་ཚོས་ངོས་ལེན་གྱི་རེད་མ་གཏོགས་འགྲིགས་མི་འདུག་ལབ་རྒྱུ་ཡོད་པ་མ་རེད་ཅེས་བཀའ་གནང་བ་རེད་མ་གཏོགས། གྲྭ་པ་བདམས་པ་དེ་འགྲིགས་མི་འདུག་གསུངས་ཡོད་པ་མ་རེད། ད་ལྟ་ང་ཚོ་རྒྱལ་ཁབ་མེད་པའི་གནས་སྐབས་སུ་ཡང་བསྐྱར་གྲྭ་པ་ཞིག་བདམས་ནའང། སྡོམ་པ་ཕུལ་ནས་མི་སྐྱ་བྱེད་དགོས་པ་ཆགས་ཀྱི་མ་རེད་བསམ་གྱི་འདུག རྒྱལ་ཁབ་ཡོད་པ་ཞིག་ཡིན་ན་དེ་ལ་དམག་དཔུང་དགོས་ཀྱི་རེད། ཉེན་རྟོག་པ་དགོས་ཀྱི་རེད། ཁྲིམས་ཁང་དགོས་ཀྱི་རེད། དེ་འདྲའི་སྐབས་སུ་གྲྭ་པས་ཐག་གཅོད་བྱེད་མི་འོས་པའི་གནད་དོན་དེ་འདྲ་བཀའ་བློན་ཁྲི་པས་ཐག་གཅོད་བྱེད་དགོས་པ་ཡོང་སྲིད་པ་རེད། ད་ལྟའི་གནས་སྐབས་སུ་ང་ཚོ་ཚང་མ་ཕྱི་རྒྱལ་ལ་བརྟེན་བསྡད་ཡོད་པས། ང་ཚོ་བདེན་པ་དང་འཚེ་བ་མེད་པའི་ལམ་རང་ལ་འགྲོ་རྒྱུ་མ་གཏོགས། རབ་ཏུ་བྱུང་བས་བྱེད་མི་ཆོག་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དཔེར་ན། ང་རང་གི་འདས་པའི་ལོ་བརྒྱད་ཀྱི་ནང་ལ་གཅིག་ཀྱང་བྱུང་མ་སོང། སྔོན་མ་ང་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་དུས། གྲོགས་པོ་ཁ་ཤས་ཀྱིས་སྡོམ་པ་ཕུལ་ནས་སྐྱ་སར་བབས་ན་ཡག་གི་རེད་ཟེར་ནས་བསམ་ཚུལ་བཤད་མཁན་བྱུང་བ་རེད། དེའི་སྐབས་ངས་ད་ལྟ་ལམ་སང་སྡོམ་པ་ཕུལ་ནས་སྐྱ་སར་འབབ་པའི་འདོད་པ་མེད། ཉི་མ་གཅིག་ལ་གྲྭ་པ་ཡིན་པས་ཐག་གཅོད་བྱེད་མི་ཐུབ་པའི་གནས་ཚུལ་ཞིག་བཀའ་བློན་ཁྲི་པས་ཐག་གཅོད་བྱེད་དགོས་པ་བྱུང་ན། བཀའ་བློན་ཁྲི་པ་འཇོག་དགོས་ཀྱི་འདུག་གམ། སྡོམ་པ་འཇོག་དགོས་ཀྱི་འདུག གཅིག་འཇོག་རྒྱུ་རེད་ལབ་པ་ཡིན། དེ་འདྲའི་གནས་ཚུལ་ལོ་བརྒྱད་ཀྱི་ནང་ལ་བྱུང་ཡོད་པ་མ་རེད། བཙན་བྱོལ་གྱི་གནས་སྐབས་ལ་གྲྭ་པས་བྱེད་མི་ཐུབ་པའི་གནས་སྟངས་ཤིག་ཡོང་མདོག་ཁ་པོ་མ་རེད་བསམ་གྱི་འདུག འོན་ཀྱང་དེ་ལ་མཐོང་སྣང་གཉིས་ཡོད་པ་རེད། ཐེ་ལན་ཌི་དང། འབར་མ་ལྟ་བུའི་འཕགས་པ་གནས་བརྟན་པའི་རྒྱལ་ཁབ་དེ་ཚོའི་མིས་བལྟས་ན། རབ་བྱུང་ཞིག་བཀའ་བློན་ཁྲི་པ་རེད་ཟེར་དུས་མཐོང་བདེ་པོ་ཡོད་པ་མ་རེད། ཁོང་ཚོའི་ལུང་པའི་ནང་གྲྭ་པ་དེ་ཚོ་སྲིད་དོན་ནང་འགྲོ་ཡི་ཡོད་པ་མ་རེད། ཤྲི་ལངྒའི་གྲྭ་པ་ཚོ་ཁ་སང་དེ་རིང་སྲིད་དོན་ནང་ལ་དགའ་རབ་ཕེབས་ཀྱི་ཡོད་པ་འདྲ། ནུབ་ཕྱོགས་པའི་མཐོང་སྣང་ལ་ཡང་གྲྭ་པ་ཟེར་དུས་དགོན་པའི་ནང་ཆོས་བྱས་ནས་སྡོད་མཁན་དང། ལྷག་པར་དུ་སྔ་མོའི་ནུབ་ཕྱོགས་སུ་ཡེ་ཤུའི་ཆོས་དཔོན་དེ་ཚོས་ཆབ་སྲིད་ཀྱི་ནང་ཐེ་བྱུས་བྱས་དྲགས་པའི་དབང་གིས་མཐའ་མར་ཅར་ཆི་(Church) དང་ཆབ་སྲིད་ལོག་ཀ་བྱེད་དགོས་པའི་གནས་ཚུལ་ཞིག་སླེབས་པ་ཡིན་པས། ནུབ་ཕྱོགས་པའི་ལྟ་སྟངས་ལ་གྲྭ་པ་ཞིག་རེད་ཟེར་དུས་མཐོང་མ་བདེ་བ་འདྲ་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ནུབ་ཕྱོགས་པའི་གསར་འགོད་པ་མང་པོས་ཁྱེད་རང་རབ་བྱུང་གི་བཅས་པ་དང། ཆབ་སྲིད་གཉིས་ག་འདྲ་ཞིག་མཉམ་དུ་ཡོང་ཐུབ་ཀྱི་འདུག་ཅེས་འདྲི་མཁན་ཡོང་གི་འདུག ང་ཚོ་ལ་ཁྱིམ་པ་ཤེས་འཇོན་ཡོད་མཁན་ཡོད་པ་རེད། དེ་འདྲ་ཞིག་བདམས་ན་མིའི་མཐོང་སྣང་ལ་མཛེས་པ་དང། ཡག་པོ་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་འོས་ཤོག་བླུག་མཁན་ཚོའི་བསམ་བློར་གནོན་ཤུགས་སྤྲད་ནས། འདི་འདྲ་བདམས་དགོས་ལབ་རྒྱུ་རྩ་བ་ནས་ཡོད་པ་མ་རེད། འདི་བདམས་ན་ཡག་པོ་ཡོད་པ་རེད། རྒྱུ་མཚན་འདི་འདྲ་རེད་བཤད་ཀྱི་ཡོད་པ་རེད།
དྲི་བ། བཀའ་བློན་ཁྲི་པ་སྐུ་ཉིད་ཀྱིས་ ༢༠༠༨ ལོའི་ཕྱི་ཟླ་༣ ཚེས་༢༢ ཉིན་མང་ཚོགས་ལ་བཀའ་སློབ་གནང་སྐབས། “བོད་མི་ཚོའི་བསོད་ནམས་ཀྱི་བགོ་སྐལ་ལ་ཐོབ་བསྡད་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པ་ལས་ལྷག་གི་མདུན་ལམ་ཞིག་སུ་གང་གིས་སྟོན་ཐུབ་ཀྱི་མ་རེད་བསམ་གྱི་འདུག་”ཅེས་དང། ཡང་“ྋགོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་ལས་ལྷག་པའི་ཐབས་ལམ་གཞན་པ་ཞིག་ཡོད་མདོག་བྱས་པ་ཡིན་ནམ། ྋརྒྱལ་བ་རིན་པོ་ཆེ་དང་གཅིག་པ་ཡིན་མདོག་བྱས་པ་རེད་དམ་”ཅེས་དང། “ངས་གསལ་པོ་བྱས་ནས་ཞུ་ཐུབ་པ་ཞིག་ལ། ྋགོང་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་དང་བྲལ་བའི་ཉིན་མོ་ནས་བོད་ཀྱི་རྩ་དོན་དེ་རྒྱལ་སྤྱིའི་ནང་ལ་གནས་ཐུབ་པ་ཞིག་དང། མ་འོངས་པར་རེ་བ་རྒྱག་ས་ཡོད་པ་ཞིག་སྡོད་ཐུབ་ཀྱི་མེད་པ་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ངེས་པར་དུ་མཁྱེན་དགོས་ཀྱི་རེད་བསམ་གྱི་ཡོད་”ཅེས་གསུངས་འདུག ྋགོང་ས་མཆོག་ལས་ལྷག་མ་འཇོན་ནའང་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་མ་རེད་དམ། ྋགོང་ས་མཆོག་མ་བཞུགས་པའི་སྐབས་བོད་ཀྱི་རྩ་དོན་དེ་རྒྱལ་སྤྱིའི་ནང་གནས་ཐུབ་ཀྱི་མེད་ན། ད་ལྟ་འབད་བརྩོན་འདིའི་ཕན་ཐོགས་ག་འདྲ་ཡོང་གི་རེད།
ལན། འབད་བརྩོན་བྱེད་ཆོག་གི་རེད། ཡིན་ནའང་འབད་བརྩོན་བྱས་ནས་འདས་པའི་ལོ་ལྔ་བཅུའི་ནང་ལ་ང་ཚོའི་མཐོང་ཚུལ་ལ་དེ་འདྲ་ཞིག་བྱུང་ཡོད་པ་མ་རེད། མ་འོངས་པར་འབད་བརྩོན་བྱེད་རྒྱུ་ཡོད་པ་མ་རེད་ཟེར་གྱི་ཡོད་པ་མ་རེད། ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་ཐོག་ནས་ྋརྒྱལ་བ་རིན་པོ་ཆེའི་ལམ་སྟོན་ལས་ལྷག་ཅིག་མེད་པ་དེ་ཚང་མས་མཐོང་བསྡད་ཡོད་པ་རེད། ྋརྒྱལ་བ་རིན་པོ་ཆེའི་ལམ་སྟོན་དེ་འགྲིག་མི་འདུག དེའི་ལྷག་གི་ལམ་སྟོན་ཞིག་ང་ཚོར་ཡོད་མདོག་བྱས་ན་མི་མགོ་སྐོར་གཏོང་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་རེད་མ་གཏོགས། དངོས་ཡོད་ཀྱི་གནས་སྟངས་ཤིག་མ་རེད།
ད་ལྟ་ྋསྐྱབས་མགོན་རིན་པོ་ཆེས་འཛམ་བུ་གླིང་གི་ནང་ལམ་ཞིག་བསྟན་གནང་ཡོད་པ་རེད། དེའི་ཐོག་ཤར་བསྐྱོད་བྱེད་ཐུབ་ན་ྋརྒྱལ་བ་རིན་པོ་ཆེ་མ་བཞུགས་ནའང་ལམ་ཁ་དེ་ལས་སླ་པོ་འགག་གི་མ་རེད་བསམ་གྱི་འདུག དེ་མ་ཡིན་པའི་ལམ་ཁ་ཞིག་བཟོ་དགོས་ཀྱི་ཡོད་ན། ྋརྒྱལ་བ་རིན་པོ་ཆེ་བཞུགས་པའི་སྐབས་ནས་བཟོ་ཐུབ་ན་ཏན་ཏན་ཡག་པོ་ཡོད་པ་རེད། ཡིན་ནའང་ད་ལྟ་ཕན་ཆད་ལ་དེ་འདྲ་བཟོ་ཐུབ་ཀྱི་ཡོད་པའི་ཚོད་དཔག་སུ་གང་གིས་བྱེད་ཐུབ་ཡོད་པ་མ་རེད། ལོ་ལྔ་བཅུ་དེ་གང་འཚམས་རིང་པོ་རེད། མི་རབས་གསུམ་པ་དེ་དར་མ་ཆགས་ཡོང་གི་ཡོད་པ་རེད། དེའི་རིང་ཉམས་མྱོང་ནང་ལ་བྱུང་ཡོད་པ་མ་རེད། མ་འོངས་པར་བྱུང་ན་ཡག་པོ་རེད།
དྲི་བ། བོད་གཞུང་གི་ངོས་ནས་རང་བཙན་རྩོད་ཀྱི་མེད་པ་རེད། ཡིན་ནའང་མི་རིགས་གཅིག་གི་ས་གནས་ཐོག་མི་རིགས་གཉིས་གསུམ་མཉམ་གནས་སྐབས་དེའི་ས་ཆའི་བདག་དབང་ཐོག་རྩོད་རྙོག་འདྲ་མིན་ཡོང་གི་ཡོད་པ་རེད། ད་ལྟ་བོད་རྒྱ་གཉིས་མཉམ་གནས་ལ་འབད་བརྩོན་གྱིས་ཞི་འགྲིག་བྱུང་ནའང། མ་འོངས་པར་ཆོས་དང་རིག་གཞུང་རྒྱུད་འཛིན་མི་ཐུབ་པ་དང། ས་གནས་བདག་དབང་གི་ཐོག་ནས་མུ་མཐུད་མཉམ་གནས་མི་ཐུབ་པའི་རྙོག་གྲ་འདྲ་མིན་བྱུང་ན་ད་ལྟའི་འབད་བརྩོན་དེ་དོན་མེད་དུ་འགྱུར་རྒྱུ་མ་རེད་དམ།
ལན། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཡོངས་སུ་རྫོགས་པ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ལག་བསྟར་བྱུང་བ་ཡིན་ན། དེའི་ནང་ལོགས་སུ་གནས་ཚུལ་ཡོངས་སུ་རྫོགས་པའི་ཐོག་ལ་མི་རིགས་ས་གནས་རང་སྐྱོང་གཞུང་གི་ཁྲིམས་ཀྱི་ལམ་ནས། ལམ་སྲོལ་གྱི་ལམ་ནས་སྟངས་འཛིན་བྱེད་རྒྱུ་ཡོད་པ་ཞིག་དང། བླང་དོར་བྱེད་རྒྱུ་ཡོད་པའི་གོ་སྐབས་ཤིག་ཡོད་པ་རེད། ང་ཚོ་ལྷིང་འཇགས་སྡོད་ཐུབ་པ་དང། ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་ཐུབ་པ། ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པའི་ཆ་རྐྱེན་ཆ་ཚང་ཡོད་པ་རེད། ཆ་རྐྱེན་དེ་ཆ་ཚང་ལག་པར་མ་རག་ན་ད་ལྟ་ནང་བཞིན་སྡོད་རྒྱུ་རེད་མ་གཏོགས་དྲག་ཏུ་འགྲོ་རྒྱུ་ཡོད་པ་མ་རེད། ང་ཚོས་མིང་ཙམ་གྱི་རང་སྐྱོང་གིས་འགྲིག་གི་མི་འདུག མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད། མིང་དོན་མཚུངས་པའི་རང་སྐྱོང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་དུ་ཆ་རྐྱེན་གང་ཡོད་པའི་རང་སྐྱོང་གི་གནས་བབས་དེ་བོད་རིགས་ལ་སྤྲོད་དགོས་ཀྱི་འདུག་ལབ་ཡོད་པ་རེད། ད་ལྟའི་ང་ཚོས་མངོན་འདོད་དེ་འགྲུབ་པ་ཡིན་ན་ཏན་ཏན་བོད་པའི་དམིགས་ཡུལ་དེ་འགྲུབ་ཐུབ་ཀྱི་རེད་བསམས་པའི་གདེང་ཚོད་ཅིག་ཡོད་པ་རེད། ང་ཚོའི་དམིགས་ཡུལ་མ་འགྲུབ་ན་གནས་སྟངས་ལོག་ཀ་རེད། ཕྱོགས་གཞན་པ་ཞིག་ནས་བཤད་ན་ང་ཚོའི་དམིགས་ཡུལ་དེ་འགྲུབ་པ་ཡིན་ནའང་དཔེར་ན་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ནང་གི་རང་སྐྱོང་ཆ་ཚང་རག་ནས། ད་དུང་བོད་པའི་དགོས་མཁོ་ལ་མ་འདང་བ་ཞིག་ཡོད་ན་དེའི་སྐབས་ལ་ལྟ་རྒྱུ་རེད། །