བོད་ཡིག་སྦྱོང་བ་ནི་ལྟོ་གོས་ཀྱི་ཆེད་དུ་མིན།

གངས་ཅན་ཁ་བའི་ལྗོངས་ནས་སྐྱེས་ཤིང་ཡུལ་ཆུ་ཟུངས་ཁྲག་ཏུ་བཏུང་བའི་རྩམ་ཟན་པ་ཞིག་ཡིན་པའི་ཆ་ནས་རང་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་ནི་མི་རིགས་ཤིག་གནས་དགོས་པའི་སྲོག་རྩ་ལྟ་བུ་ཞིག་ཆགས་ཡོད་པར་འདོད། སྤྱིར་ན་མི་རེ་རེ་ལ་དམིགས་ཡུལ་རེ་ཡོད་མོད། འོན་ཀྱང་རང་གི་ལྟོ་གོས་གཅིག་པུའི་ཆེད་དུ་མི་རིགས་ལ་བསམ་བློ་མ་བཏང་ན་ཁྱེད་རང་ཉིད་ཀྱི་ཕ་མེས་ཡང་མེས་སོགས་ཀྱི་གདོང་ལ་མཆིལ་ཞགས་བྱས་པ་དང་གཅིག་མཚུངས་ཡིན།

    དེ་བས་”མི་རིགས་དང་རིག་གནས་གོང་འཕེལ་དུ་གཏོང་དགོས་ན་མི་རིགས་དེའི་སྲོལ་རྒྱུན་རིག་གནས་གོང་འཕེལ་དུ་གཏོང་དགོས་”ཞེས་པཎ་ཆེན་རིན་པོ་ཆེས་གསུངས་པ་བཞིན་མི་རིགས་ཤིག་ཉམས་དམས་སུ་མི་འགྲོ་བ་ལ་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་ལ་རག་ལས་པས་ངེས་པར་དུ་བོད་ཡིག་སྦྱང་དགོས་པར་སྙམ། དེ་མིན་རང་ཉིད་ཀྱི་འདོད་ཚུལ་ལྟར་གང་དྲན་བྱས་ན་ཕལ་ཆེར་མི་རིགས་འདི་རྩ་བརླག་ཏུ་འགྲོ་བར་ཉེན་ཁ་ཆེ་བས་རིགས་མཐུན་ཚོའི་བསམ་བློའི་ཁ་ཕྱོགས་རྒྱུ་དང་འབྱོར་པ་གཅིག་པུའི་ལས་སུ་མི་འབད་པར། སྔོན་ཐོན་གྱི་བསམ་བློའི་མདུན་བསྐྱོད་རང་ཡུལ་ཁ་བ་ཅན་ལ་ཕྱོགས་ན་ལེགས། དེ་མ་གཏོགས། རྒྱུ་དང་འབྱོར་པ་གཅིག་པུའི་ཆེད་དུ་རང་ལུས་མེ་རུ་བསྒྲོན་ཡང་ནམ་ཞིག་སྤྱི་ཚོགས་ནང་དུ་ཕོ་རོག་དཀར་པོ་ལྟ་བུ་ཞིག་ཆགས་ཡོང་དུས། ང་གང་ནས་ཡིན་བསམས་ན་སེམས་པ་སྐྱིད་པོ་ཡོང་གི་མ་རེད་ཅེས་༸གོང་ས་མཆོག་གིས་གསུངས་པ་ལྟར། སྐབས་དེ་དུས་དྲན་ཡོང་ན་འཕྱི་དྲགས་པ་རེད། སྤྱིར་ན་མི་རིགས་དེའི་སྐད་ཡིག་མ་སྦྱངས་ན་ཆོག་མོད། འཛམ་བུ་གླིང་གི་སྤྱི་འབངས་ཤིག་ཆགས་དགོས་ཀྱང། རང་མི་རིགས་ཀྱི་ཁྱད་ཆོས་དང་སྐད་ཡིག་མེད་མཁན་ཞིག འཛམ་གླིང་འདིའི་སྤྱི་འབངས་སུ་ཆགས་མི་སྲིད་པས་རིགས་མཐུན་ན་གཞོན་ཚོས་བསམ་གཞིག་མང་ཙམ་བྱེད་དགོས་པ་ཧ་ཅང་གལ་ཆེ་སྙམ།
    རང་ཉིད་གཅིག་པུའི་ལྟོ་གོས་ཆེད་དུ་བརྒྱུགས་ན་གཞན་གྱི་བྲན་གཡོག་ཏུ་འགྱུར་བའི་ཉེན་ཁ་ཆེ་བས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ། ལོ་མང་བརྩེགས་པའི་བོད་མི་རིགས་ཀྱི་པོ་ཏི་མང་པོ་ཁ་འབྱེད་ཐུབ་ན། དེ་རུ་འུ་ཚོའི་འོད་སྟོང་འབར་བའི་གཟི་བྱིན་ཡོད་ལ། སྙན་གྲགས་ཀྱི་བ་དན་དགུང་ལ་འཕྱུར་བའི་ལང་ཚོའི་གླུ་སྐད་མཆིས་པའི་རང་ཉིད་ཀྱི་མ་འོངས་པའི་རྗེས་རབས་པ་ཚོར་འབུལ་ཆོག་ཆོག་གི་ལེགས་སྐྱེས་རིན་ཐང་བྲལ་བ་གྱ་ནོམ་པ་ཡོད་པས། ངེས་པར་དུ་བོད་ཡིག་སྦྱངས་དགོས་ལ་བོད་སྐད་བཤད་དགོས། དེ་མིན་རྒྱལ་ཁབ་གང་ཞིག་གི་ཡུལ་མི་ཡིན་ཡང། དེ་ལ་རིན་ཐང་མེད། མི་སུ་ཡིན་རུང་རང་ཉིད་ལ་སྙན་གྲགས་ཡོད་པ་དང་སྤྱི་ཚོགས་སྟེང་དུ་ཐོབ་ཐང་ཡོད་པ་ཞིག་ཆགས་འདོད་ཡོད་པའི་བསམ་བློའི་ཁ་ཕྱོགས་མ་ནོར་བར་བྱེད་དགོས། དེ་མིན་ར་མིན་ལུག་མིན་གྱི་ཆ་ལུགས་ཤིག་བཟུང་ན་སུས་ཁྱེད་རང་ར་ཞིག་ལ་ངོས་འཛིན་དང་ལུག་ཅིག་ལ་ངོས་འཛིན་བྱེད་ངེས། དེ་བས་ཉིན་རེའི་བྱ་བཞག་ཁྲོད་དུ་ལོངས་སྤྱོད་བྱེད་བཞིན་པའི་ལྟོ་གོས་དང། ཡུལ་ལུང་ལ་བསམ་བློ་རེ་མ་བཏང་ན། མི་ཡིན་པའི་རྣམ་དཔྱོད་ལ་སྦྱངས་སྟོབས་མེད་པས། སྨྲ་ཤེས་པ་ཙམ་གྱིས་མི་ཞིག་ཡིན་པའི་མ་ཁྱབ། ད་དུང་དོན་གོ་དགོས་ལ་རྣམ་དཔྱོད་ཀྱི་གཤོག་པ་རྒྱང་དུ་འཕུར་ལྡེབ་བྱེད་དགོས། མི་མ་ཡིན་པའི་མཚན་ཉིད་བཞག་ན་ཁ་ཤས་ཤིག་སྤྲོ་ལངས་པས་མི་ཡིན་པའི་མཚན་ཉིད་དང་རྣམ་དཔྱོད་སྟོན་རྒྱུ་ཡོད་དམ། འདི་ལྟར་བཤད་ན། ཐལ་དྲགས་སོང་མོད། རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་མ་བྱས་ན་མི་གྲལ་ན་གང་ཞིག་གི་ཚད་གཞིར་སླེབས་འདུག དེ་བས་རང་རྒྱལ་ལ་ཞེན་ཁོག་ཡོད་ན། རང་ཡུལ་ལ་དུང་བ་ཡོད་ན། མི་རིགས་རང་ཉིད་ཀྱི་རིག་གནས་རྨང་གཞིར་བཞག་སྟེ། ད་གཟོད་གཞན་སྐད་སྦྱངས་ན་དེ་ནི་མི་ཡིན་པའི་རིག་པའི་རྣམ་དཔྱོད་ལ་རིན་ཐང་ཡོད་པའི་རྟགས་ཡིན། འཚོ་བའི་མཐུན་རྐྱེན་གཅིག་པུའི་ཆེད་དུ་མི་རིགས་བརྗེད་ན། དེ་ནི་རང་ཉིད་ཀྱི་ངོ་ཚ་ཞིག་ཡིན་ལ། མི་རིགས་ཤིག་གི་ཞབས་འདྲེན་ཡིན། མི་རིགས་ཤིག་གི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་ཤེས་དགོས་ན་མི་རིགས་དེའི་སྐད་ཡིག་ཤེས་དགོས། ཞེས་མཁས་པ་དུ་མས་གསུངས་པ་བཞིན་རང་སྐད་དོར་ནས་གཞན་སྐད་བཤད་ན། གཞན་གྱི་སྐད་ཡིག་སྦྱངས་ན་མ་འོངས་པའི་རྒྱུན་འཛིན་པར་གནོད་པའི་ལོ་རྒྱུས་ཀྱི་དུག་རྫས་ཡིན་པས། བོད་ཡིག་སྦྱངས་པ་ནི་ལྟོ་གོས་ཆེད་དུ་མིན་པར་བརྩོན་དགོས།།

སུ་ཇཱ། སློབ་བུ་གཡུ་རྔོག་དཀོན་མཆོག་སྐྱབས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།