ཚུལ་མཐུན་གྱི་མི་ཚེ་སྐྱེལ་ཐབས་བྱེད་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༠
ཉེ་བའི་ཆར་གྱི་གཟའ་ཉི་མ་ཞིག་ལ་དྷ་སའི་ཇ་ཁང་ཞིག་གི་ཐོག་ཏུ་གྲོགས་པོ་ཁ་ཤས་དང་མཉམ་དུ་སྡོད་སྐབས། འཁྲིས་ཀྱི་ཕོ་གསར་སྐྲ་རིང་པོ་ཅན་ཞིག་ཡར་ལངས་ནས་ཁོར་ཡུག་གཙང་སྦྲ་དགོས་སྐོར་མང་པོ་ཞིག་བཤད་ཞོར་དུ། ཟ་ཁང་གི་ཆུ་གསོག་སའི་ནང་དུ་ལག་པ་བཀྲུས་སོང། སྐབས་དེར་ཟ་ཁང་དེའི་འབྲེལ་ཡོད་ཅིག་སླེབས་ནས་ཁོང་ལ་གཤེ་གཤེ་གཏོང་སྐབས། ཁོས་གཙང་སྦྲ་བྱེད་ཀྱི་ཡོད་ཅེས་ལན་འདེབས་བྱེད་ཞོར་དུ་ཁོང་གཉིས་ཁ་རྩོད་ཅུང་ཤོར་སོང། ཕོ་གསར་དེའི་སྐད་ཆ་བཤད་སྟངས་ལ་བལྟས་ན། རྒྱ་གར་ནང་དུ་འཚར་ལོངས་བྱུང་བའི་བོད་རིགས་ཤིག་རེད་ལ། རྗེས་སུ་གཞན་པས་བཤད་པ་ལྟར་ན། ཁོ་ར་བཟི་འདུག ཐ་མ་ནག་པོ་འཐེན་མཁན་རེད་ཟེར།

    དེང་སྐབས་བོད་པའི་སྤྱི་ཚོགས་ནང་དུ་ཡ་རབས་བཟང་སྤྱོད་ཟེར་བ་བརླག་འགྲོ་ཡི་ཡོད་ལ། དེ་བས་ཐ་མ་ནག་པོ་དང་ཆང་རག་གིས་བཟི་མཁན་མང་དུ་འགྲོ་ཡི་ཡོད་སྐོར་བརྗོད་མཁན་ཡང་མི་ཉུང་བ་ཞིག་འབྱུང་བཞིན་འདུག རྒྱུ་རྐྱེན་དེར་བསམ་བློ་གཏོང་དུས། རྒྱལ་ཁབ་གཞན་གྱི་མི་འབྱོར་ལྡན་ཚོའི་ནང་དུ་རྒྱུ་ནོར་བག་མེད་ལོངས་སྤྱོད་བྱས་ཏེ། རང་སྣང་གང་ཤར་གྱིས་ཐ་མ་ནག་པོ་འཐེན་མཁན་གྱི་རིགས་དང། ཚོང་པ་ཆེན་པོ་དང། ནག་ཚོང་རྒྱག་མཁན་རིགས་སེམས་པ་མ་སྐྱིད་ནས་ཐ་མ་ནག་པོ་འཐེན་མཁན་བྱུང་དང་འབྱུང་བཞིན་ཡོད་ནའང། བོད་མི་ཐ་མ་ནག་པོ་འཐེན་མཁན་ཚོའི་རྒྱུ་མཚན་དེ་གཉིས་ཀ་རེད་མི་འདུག རྒྱ་གར་ནང་གི་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར་བོད་རིགས་གཞོན་སྐྱེས་ལས་མེད་གང་མང་ཞིག་འཕེལ་བཞིན་ཡོད་ལ། རྒྱ་གར་དུ་གཉེན་ཉེ་སོགས་མེད་པར་བོད་ནས་ཡོང་མཁན་ཁག་ཅིག་དང༌། རྒྱ་གར་ནས་སློབ་མཐར་ཕྱིན་རྗེས་ཤུགས་ལས་ཀྱི་རིགས་བྱེད་འདོད་མེད་པ་དང། ཤེས་ཡོན་གྱྀ་ལས་ཀ་བྱེད་རྒྱུའི་ཤེས་ཚད་མེད་པ། ཤེས་ཡོན་ཡོད་ཀྱང་འདོད་པ་ཁེངས་པའི་ལས་དོན་མ་རག་མཁན། ཡང་ན་ནང་མིའི་གནས་སྟངས་སོགས་སྐྱོ་པོ་ཡིན་པས་ཤེས་ཡོན་གྱི་སྐོར་དང་ཤུགས་ལས་སྐོར་གྱི་ལས་ཀ་གང་ཡང་མ་རག་པར་ལས་མེད་དུ་ལྷག་པ་སོགས་གནས་སྟངས་འདྲ་མིན་གྱིས་བསྐྲུན་པའི་འཁྱམ་པོ་མང་དུ་འགྲོ་བཞིན་ཡོད་ལ། དེའི་ནང་དུ་ཐ་མ་ནག་པོ་འཐེན་མཁན་དང། ར་བཟི་ཡང་མང་དུ་ཐོན་བཞིན་ཡོད་པར་སྙམ། ཁོང་ཚོས་ཕྱི་གླིང་པའི་སྤྱི་ཚོགས་ནང་དུ་མི་སུ་གང་ལ་ཐེ་གཏོགས་མི་བྱེད་པར་རང་འདོད་ཀྱིས་འཚོ་བ་སྐྱེལ་དགོས་ལ། སོ་སོས་བྱེད་འདོད་ན་ངོ་ཚ་དང་གཞན་རྟེན་སོགས་བྱེད་རྒྱུ་མིན་ཟེར་མཁན་ཚོའི་ལྟ་བ་ཁུར་ནས་དོན་མེད་འཁྱམ་ཉུལ་བྱེད་པ་དང༌། འཚེར་སྣང་མེད་པར་ཆས་གོས་གོན་སྟངས་དང་བྱ་སྤྱོད་སོགས་ཕྱི་གླིང་པའི་འཁྱམ་པོ་ཚོ་ལ་ལད་ཟློས་ཁོ་ན་བྱེད་པ། ནམ་རྒྱུན་ཆང་རག་དང་དུད་ནག་སོགས་ལ་ལོངས་སྤྱོད་བྱས་ནས་ཉིན་རེའི་འཚོ་བ་སྐྱེལ་བཞིན་ཡོད་པ་ནི་བོད་མི་རིགས་ལ་ཤ་ཞེན་ཡོད་མཁན་དང༌། མི་ལུས་ཐོབ་པར་དཀའ་བ་རུ་དགོངས་མཁན་ཚོས་མཐོང་ན་བློ་ཕམ་སྐྱེ་དགོས་པ་ཞིག་ཡིན། ནང་མེད་པའི་འཁྱམ་པོ་ཚོས་ལོ་མང་རིང་མིའི་ལག་གཡོག་བྱས་དང་བྱེད་བཞིན་ཡོད་ལ། ཕྱི་རྒྱལ་ཚོ་དང་མཉམ་དུ་ཆང་ས་རྒྱག་པ། ཕྱི་རྒྱལ་སྤྲོ་འཆམ་པ་ཚོར་འགྲོགས་ནས་སྤྲེལ་ལད་དང་ངོ་དགའ་ཁོ་ན་བྱས་ཏེ་ཉིན་རེའི་འཚོ་བ་སྐྱེལ་ཐབས་སོགས་ལས་རིགས་སྣ་ཚོགས་བྱས་མཐར། འཚོ་བ་ལ་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མེད་པ་མ་ཟད། ལག་གཡོག་བྱས་པའི་ལས་གླ་ཆུང་ཆུང་དེས་ཉིན་རེའི་འཚོ་བ་ཡང་འཁྱོལ་ཐབས་དཀའ་བས། སོ་སོ་ཁོ་ཐག་ཆད་དེ། མིའི་སྤྱི་ཚོགས་དང་ཁ་ཐག་རིང་དུ་བཏང་ནས། ཐ་མ་ནག་པོ་འཐེན་པ་སོགས་བྱེད་ཀྱི་ཡོད་པ་རེད། དེའི་རིགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་ཚོས་སྤྱི་ཚོགས་ནང་དུ་དངོས་སུ་རྒྱུས་ལོན་བྱས་ནས་ནང་མི་སྐྱོ་པོ་ཡིན་མཁན་དང༌། དེ་བཞིན་འཚོ་ཐབས་ལ་ལག་པ་ཙམ་འཆང་ས་མ་རག་པར་མིའི་ལག་གཡོག་ཁོ་ན་བྱེད་མཁན་ཚོའི་གནས་སྟངས་མཐོང་དགོས་པ་ཤིན་ཏུ་གལ་ཆེ། སྤྱིར་བཏང་གཞུང་གིས་ལྟ་སྐྱོང་མི་དགོས་པར་གཞོན་སྐྱེས་ཚོས་སོ་སོའི་འཚོ་བ་སྐྱེལ་ཐུབ་དགོས་མོད་མིའི་ལུང་པར་འཚོ་ཐབས་ཀྱི་རིགས་ཉུང་བས་གཞུང་གིས་ལམ་སྟོན་རེ་མེད་ན་འཚོ་བ་གསར་པ་ཞིག་འགོ་འཛུགས་རྒྱུ་ཧ་ཅང་དཀའ། ཉིན་རེའི་འཚོ་རྟེན་གང་དུ་རག་ན་དེར་འགྲོ་བ་ལས། སོ་སོའི་ངོ་ཚ་དང་མི་རིགས་ཀྱི་གོམས་གཤིས་སོགས་བློས་མི་གཏོང་ཁག་མེད་ལྟ་བུར་འགྱུར་བཞིན་ཡོད། འོན་ཀྱང་ན་གཞོན་ཚོས་འཚོ་བ་སྐྱོ་ས་ནས་སྤྱོད་ངན་གྱི་ལམ་དུ་མི་འགྲོ་བར་རང་ཐག་རང་གཅོད་ཀྱིས་འཚོ་བ་སྐྱེལ་རྒྱུའི་སྤོབས་པ་ཡོད་དགོས་ལ། སོ་སོ་མི་ཡིན་པའི་ཆ་ནས་མིའི་ལུགས་དང་མཐུན་པའི་འཚོ་བ་སྐྱེལ་ཐབས་བྱེད་དགོས། གཞན་ཕན་གྱི་བྱ་བཞག་གལ་ཆེན་ཞིག་བྱེད་མ་ཐུབ་ཀྱང༌། དབུལ་ཕྱུག་ལ་མ་ལྟོས་པར་ཚུལ་མཐུན་གྱི་མི་ཚེ་སྐྱེལ་ཐུབ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་འདུག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།