དུས་རབས་དང་དགོས་མཁོ་གཉིས་ཀའི་ཕམ་ཁར་ལྷག་ཡོད།

སེར་སྨད་བློ་དགའ།
རི་བོ་དགེ་ལྡན་པའི་རྒྱུགས་སྤྲོད་ཆེན་མོའི་གནས་བབས་དང་འཕྲོས་དོན་སྐོར་གྱི་བསམ་ཚུལ་དང་རྨོངས་འཆར་ཉུང་ཉུང་ཞིག ཁོག་ཡངས་སྤུན་ཟླ་མི་རིགས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། རི་བོ་དགེ་ལུགས་པ་འདི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་མི་འབོར་གྱི་སྤྱིའི་བརྒྱ་ཆ་མཐོན་པོ་ཟིན་ཡོད་ཅིང༌། དེ་ཡང་ནང་པའི་མཐོ་རིམ་སློབ་གྲྭའམ། མཚན་ཉིད་རིག་པའི་མཐོ་རིམ་སློབ་གྲྭའི་མཚན་ཐོག་ནས་འཛིན་སྐྱོང་བྱེད་བཞིན་པས། དེའི་སྐོར་བསམ་གཞིག་ནན་པོས་མིང་དོན་མཚུངས་པའི་སྡེ་ཚན་ཞིག་ཏུ་བསྒྱུར་ཐབས་བྱེད་དགོས་པ་ནི་དུས་ལ་བབ་ཅིང་གནད་ལ་འཁེལ་བ་ཞིག་རེད།

    བོད་ཀྱི་མང་གཙོའི་འཕེལ་རིམ་གྱི་ཐོག་མ་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཐུགས་དམ་ལྷོད་མེད་དང་ཁ་གསལ་གཏིང་ཟབ་ཀྱི་སྒོ་ནས་ཕྱིར་བསྒྲགས་གནང་བ་དེ་ནས་དབུ་ཚུགས་ཡོད། སྐབས་དེའི་གདན་སའི་མཁན་པོ་དང་མི་དྲག་ནི། དེང་རབས་ཅན་གྱི་མང་གཙོའི་ཁྲིམས་སྲོལ་དང་ལམ་ལུགས་ལ་ཉམས་མྱོང་གི་རྒྱུས་མངའ་མེད་ཅིང༌། དུས་རབས་འདིའི་དཀྱིལ་ཡངས་ཐུགས་གཤིས་ཅན་གྱི་མཁན་བླ་དང་བསྡུར་ན་རྦད་དེ་ཆེས་རྗེས་ལུས་ཀྱི་རྗེས་ལུས་ཡིན། ལོ་རྒྱུས་ཀྱི་ཆག་སྒོ་དང་གྱོང་གུད་དེ་དག་ནི་ཉམས་མྱོང་གི་ལམ་ཁྲིད་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ཞིག་ཡིན་པས་མ་ཚད། གནད་དོན་འདིའི་སྐོར་གྲོས་ཚོགས་ཀྱི་མི་སྣ་སྟེ་རི་བོ་དགེ་ལྡན་པའི་སྤྱི་འཐུས་གཉིས་ལའང་ཐད་ཀར་འགན་འཁྲི་ཡོད། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་གིས་འཚོ་ཞིང་འཚར་ལོངས་བྱུང་བའི་བླ་སྤྲུལ་མཁན་བླ་འདུས་སྡེ་ཡོངས་ཀྱིས་ཚོར་སྣང་ཆེན་པོས་འདི་ལྟ་བུའི་གནས་ལ་གསར་བརྗེ་ཡི་ཕྱོགས་སུ་ངེས་པར་ཐུགས་ཁུར་བཞེས་དགོས། འདི་ནས་ཡོ་བསྲང་དང་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ད་ལྟའི་དགེ་ལུགས་རྒྱུགས་སྤྲོད་བྱེད་སྟངས་དེ་དུས་རབས་དང་དགོས་མཁོ་གཉིས་ཀའི་ཕམ་ཁར་ལྷག་ཡོད། ཅེས་ཐོག་མའི་གླེང་གཞིར་དྲངས་ནས་ཞུ་རྒྱུར།
    རྒྱུ་མཚན་མེད་པར་སྐྱོན་བརྗོད་ཞུས་ཚེ་མིའི་བློ་ལ་མི་འབབ་པ་ཞིག་ཡིན་ཡང༌། ཕྱོགས་ཡོངས་ནས་བལྟས་ཚེ། གནས་སྟངས་ཀྱི་ཆ་ནས་མཚན་ཉིད་རིག་པའི་གཞུང་ལུགས་གཅིག་པུས་ཁུངས་འཁྱོལ་ཐབས་མེད་པས་བོད་རང་གི་ཐུན་མོང་གི་རིག་གནས་ལ་བློ་ཁ་རྒྱས་དགོས་ཤིང༌། དུས་རབས་ཉི་ཤུ་པ་འདིའི་ནང་པ་ཞིག་བྱ་རྒྱུ་ནི་ནང་པ་སྤྱི་དང་ལྷག་པར་བོད་ཀྱི་ནང་པ་ཚོས། ཀྱག་ཀྱོག་དང་འདོར་དུ་མེད་པའི་ལམ་བུ་ཉག་གཅིག་ཏུ་གྱུར་ཡོད། གལ་སྲིད་མི་རབས་འདི་གནའ་དེང་རིག་གཞུང་གིས་ཕྱུག་པ་ཞིག་བྱེད་དགོས་ན། ངེས་པར་དུས་ཚོད་མང་པོ་ཞིག་བེད་སྤྱོད་གཏོང་དགོས་པས་མི་ལོ་ཉི་ཤུ་ལྷག་གི་དུས་ཚོད་དེར་སེར་སྣ་མི་ཤོར་ཐབས་མེད་པ་ཞིག་རེད། ཆེ་ས་ནས་འཛམ་གླིང་འདིར་རིགས་མི་འདྲ་བའི་རིག་གཞུང་གི་མཐོ་སློབ་གང་ཞིག་ཡོད་ཀྱང༌། སྐབས་བབ་ཀྱི་སློབ་ཚན་ཁག་ལ་ཁོངས་སོ་སོ་ནས་ཞིབ་ཕྲའི་རྒྱུགས་སྤྲོད་ཟིན་པའི་རྗེས་ནས་ལོ་ངོ་དྲུག་ལ་སླར་ཡང་རྒྱུགས་སྤྲོད་བྱེད་པ་ནི། འཇིག་རྟེན་འདིའི་སྒང་ལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དེ་གཅིག་པུ་ཡིན་ཞེས་བྲིས་ན་ཧ་ལམ་འགྲིག་བསྡད་ཡོད། དེར་བརྟེན་རྒྱུགས་སྤྲོད་ཆེན་མོ་རང་རེད་ཅེས་བཤད་མཁན་ཡང་བྱུང་ཡོད་པ་རེད། ད་དུང་ཆོས་ལུགས་གཞན་ནས་སློབ་སྦྱོང་ཐོན་པ་ཚོས་སྤྱི་ཚོགས་དང་མི་སྒེར་ཅི་རིགས་ལ་ཞབས་ཞུའི་ནུས་པ་ཐོན་པ་བཞིན། བརྒྱ་ཆའི་ཆ་ནས་དགེ་ལུགས་པའི་སློབ་ཐོན་པ་ཚོའི་འཇོན་ཐང་དང་སྟོབས་ཤུགས་ཀྱི་ཆུ་ཚད་དམའ་བོ་ཡོད་ཅེས་བཤད་ཆོག། ཁོང་ཚོ་ནི་དུས་བཀག་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེང་རབས་ཀྱི་ཤེས་བྱ་ཚད་མཐོན་པོ་དང་དབང་པོའི་ནུས་པ་གཉིས་ཀ་ཤོར་ཚར་བ་རེད། དབུ་སྐྲ་དཀར་པོ་དང་རང་མགོ་མི་ཐོན་པའི་མི་ཞིག་འཇིག་རྟེན་འདི་ནས་མཇུག་སྒྲིལ་བ་ལ་དུས་ཡུན་རིང་པོ་འགོར་གྱི་མེད། སྔ་མོ་བོད་ཀྱི་ལུགས་སྲོལ་རྙིང་པའི་འགྲོ་ལུགས་ལྟར་སྒལ་པ་བྲག་ལ་བསྟེན་ནས་ཤི་བསྡད་པ་དེ་ཆོས་ཀྱི་ཉམས་ལེན་རྣལ་མ་ཞིག་ཡིན་ཟེར་ཡང༌། དེང་སང་གི་མཐོ་རིམ་སློབ་ཐོན་པ་ཞིག་ཡིན་ཚེ་ངེས་པར་སྤྱི་ཚོགས་ནང་ཞུགས་ནས་ལས་ཀ་བྱེད་དགོས་པ་ནི། ལས་དབང་དང་དགོས་མཁོ། ཁོར་ཡུག་དང་དུས་ཀྱི་འགྱུར་བ་སོགས་ཀྱིས་སྤྲད་པའི་བླང་བྱ་གལ་ཆེན་ཞིག་ཡིན། ནང་པའི་ཆོས་ཀྱི་ངོས་ནས་ཀྱང་དེ་ཚོ་ཆོས་ཀྱི་ཉམས་ལེན་ཞིག་མ་རེད་ཅེས་སུས་ཀྱང་བཤད་མི་ནུས། དེ་ལྟར་ཆོས་རྙིང་དང་ལུགས་རྙིང་གིས་གྲངས་ཉུང་མི་རིགས་འདི་ཉིད་ད་དུང་ཆེས་ཕམ་ཁ་དང་ཆེས་ཉེན་ཁ་ཞིག་ཏུ་ཁྲིད་དོགས་ཀྱི་དངངས་འཚབ་ཡོད།   
    སྒྲིག་འཛུགས་ཁག་གི་མི་སྣས་ཐུགས་འགན་ཆེ་བཞེས་ཀྱིས་གྲྭ་རྒྱུན་ཆད་རྒྱུའི་ཉེན་ཁར་གཟིགས་བཞིན་པ་ཡག་པོ་རེད་དེ། དེ་ལས་དེའི་འབྱུང་རྩའི་གནད་འགག་དེ་མཁྱེན་རྒྱུ་ཡང་ཤིན་ཏུ་གལ་ཆེ། ངས་མཐོང་ཚུལ་ལ་གྲྭ་རྒྱུན་གྱི་འབྱུང་ཁུངས་ལ་ཐུགས་འགན་བཞེས་མཁན་གྱི་མི་སུ་ཡིན་རུང༌། དེང་སང་གྲྭ་སའི་སློབ་སྦྱོང་དང་གྲུབ་འབྲས་ཀྱི་ངོ་གདོང་དེ་ཡིད་སྨོན་ཤོར་བའི་གནས་སུ་མཐོང་ཐུབ་པ་ནི་ལས་འཆར་དེའི་རྨང་གཞི་ལྟ་བུར་གྱུར་ཡོད། སོ་སོའི་སྤུན་མཆེད་དང་སོ་སོར་རེ་བ་བཅོལ་མཁན་གྱི་གཞོན་སྐྱེས་ཚོའི་མི་ཚེའི་མདུན་ལམ་ལ་འདང་རྒྱག་དགོས་པ་དང་འགན་ཁུར་དགོས་པ་ཞིག་ཆགས་ཡོད་པས། སློབ་གྲྭར་སོང་ན་ཡག་ཤོས་རེད་ཅེས་བསླབ་བྱ་སྐྱོན་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་དང༌། ལྷག་པར་གྲྭ་པའི་ནང་ནས་ཀྱང་མང་དུ་འགྲོ་ཡི་འདུག རྒྱུ་མཚན་ནི་ཁོང་ཚོ་རང་ཉིད་དུས་བཀག་གི་འོག་ནས་དཀའ་ངལ་འཕྲད་པའི་ཉམས་མྱོང་དེས་རང་གི་བློ་སེམས་དཀར་བའི་མི་དེ་དག་ལ་བསམ་པ་རྣམ་དག་གིས་ལམ་སྟོན་གནང་གི་ཡོད་པ་རེད། དེ་གཅིག་པུས་དུས་བཀག་ནི་ཆེས་མི་འོས་པའི་ལམ་ཁ་ཞིག་ལ་མཛུབ་སྟོན་བྱེད་ཀྱི་ཡོད། མི་རེ་འགས་དུས་བཀག་ནི་གྲྭ་རྒྱུན་གྱི་ཆེད་དུ་དགོངས་ཀྱི་ཡོད་མོད་ངས་བལྟས་ཚེ་དེ་ནི་རྦད་དེ་ལེགས་ཉེས་འཆོལ་བ་ཞིག་ཏུ་ངོས་འཛིན་ཡོང་གི་འདུག ཕ་རོལ་པོ་ཞིབ་ཚགས་པོས་དོ་སྣང་བྱེད་མཁན་ཞིག་ཡིན་ན་སྒྲིག་འཛུགས་དེ་ཚོ་ཡག་པོ་ཞིག་རྩ་བ་ཉིད་ནས་མཐོང་མི་ཐུབ་ཅེས་ཞུས་ཀྱང་ཆེས་མི་འོས་པ་མེད། འདི་ནི་སྐྱོན་བརྗོད་ཀྱི་ནག་ཉེས་ཤིག་མིན་ལ་སྨྲ་བརྗོད་རང་དབང་གི་གོ་སྐབས་དམ་འཛིན་གྱིས་ཟུར་ཟའི་རི་མོ་བྲིས་པ་ཞིག་ཀྱང་དེ་ལས་མིན། ཡིད་གཉིས་ཐེ་ཚོམ་མེད་པར་རང་བློའི་འཆར་སྣང་དང་ཡོ་བསྲང་ཁོ་ནར་བཤད་ཀྱི་ཡོད་པས་ངེས་པར་གོ་ནོར་མ་སོང་བ་ཞིག་དགོས།
 མི་ཕལ་ཆེ་བས་གཅིག་གྱུར་གྱིས་རིག་གསར་རམ་ཚན་རིག་ཟེར་བ་བདེན་པ་ཞིག་ཏུ་ངོས་འཛིན་བྱེད་པ་ནི། ནང་ཆོས་དེ་མ་ནོར་བ་དང་དངོས་ཡོད་ཅིག་ལ་ངོས་འཛིན་བྱེད་པ་དང་གཅིག་མཚུངས་སུ་གྱུར། དེའི་སྟབས་ཀྱིས་དགེ་བཤེས་ལྷ་རམས་པས་ཚན་རིག་ལ་སྦྱང་ན་འོས་འཚམ་ཡོད་པའི་བསམ་ཚུལ་བསྟུད་མར་བྱུང་བའི་བརྒྱ་ཆ་མཐོན་པོ་ཟིན་ཡོད། ཁོང་ཚོས་དགེ་བཤེས་ལྷ་རམས་པ་གཞོན་སྐྱེས་ཤིག་ལ་རིག་གསར་སྦྱོང་བརྡར་སྤྲོད་རྒྱུ་མ་གཏོགས་སང་ཕེབས་གནངས་ཕེབས་ཀྱི་དགེ་བཤེས་ཤིག་ལ་དུས་ནམ་ཞིག་ལ་རེ་སྒུག་བྱེད་འདོད་ཡོད་པ་མ་རེད།
    ཁ་ཡག་ངོ་ཡག་གིས་སྤྲེལ་ལད་འཁྲབ་རྒྱུར་དཀའ་ལས་ཆུང་ཆུང་ཡིན་ཡང༌། དེ་ནི་གྱོང་ཁ་དང་ཕམ་ཁ་འབའ་ཞིག་གི་ལམ་སྣེ་སྟེ། སྲིད་པ་རྒན་པོའི་ངག་རྒྱུན་ལ། དཔོན་པོ་ཕལ་ཆེར་ངོ་བསྟོད་དང༌།། བླ་མ་ཕལ་ཆེར་འབུལ་བས་ཕུང༌།། ཟེར་བ་དང༌། ཕོ་རབས་གཏམ་གྱིས་བསླུ།། ཕོ་མཐའ་རྒྱུ་ཡིས་བསླུ།། ཟེར་བ་ལྟར་ཡག་ས་འགྲིག་ས་རྐྱང་རྐྱང་བཤད་བསྡད་པ་དེས་སྤྱི་ཚོགས་ཆེ་ཕྲ་ཆུང་གསུམ་ཐམས་ཅད་ལ་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད། ཁོ་བོས་དེ་ལས་ལྡོག་སྟེ། ཕོ་རབས་ཀྱིས་གཏམ་དེ་མདུན་ནས་བཤད།། ཕོ་མཐའ་མས་གཏམ་དེ་རྒྱབ་ནས་བཤད།། ཅེས་པ་བཞིན་ལེགས་སྤེལ་ཉེས་འགོག་ཏུ་སྣང་བའི་བསམ་ཚུལ་དེ་མི་ཚང་མའི་མདུན་དུ་འཇོག་གི་ཡོད།
    འདི་མ་རེད་འདི་རེད་ཟེར་བའི་ཐབས་ལམ་ཞིག་བཤད་འདོད་ཡོད་དེ། ད་ཆ་དགེ་ལུགས་རྒྱུགས་སྤྲོད་ཀྱི་སྒྲོམ་གཞི་དེ་འཛིན་གྲྭ་དྲུག་ལ་སྟངས་འཛིན་བྱེད་བཞིན་ཡོད། བསམ་བློ་ཡག་པོ་ཞིག་བཏང་ན་གཞུང་བཀའ་པོད་ལྔ་ལ་འཛིན་གྲྭ་ལྔ་མ་གཏོགས་མི་དགོས་སྙམ། དགེ་ལུགས་རྒྱུགས་སྤྲོད་ལ་ཆ་ཤས་ལེན་པའི་དགོན་སྡེ་དང་གདན་ས་གང་ཡིན་ཡང་དགོན་པ་དེའི་ནང་ལོ་རེར་བཀའ་པོད་ལྔ་རེ་རེ་ལ་ཐོན་པའི་འཛིན་གྲྭ་རེ་རེ་ཡོད་པས་བཀའ་པོད་ལྔ་གང་དུ་འཛིན་གྲྭ་ཐོན་པ་དེ། གཞུང་དེའི་ཐོག་རྒྱུགས་སྤྲོད་ལ་བཏང་ན་འཚམས་པོ་ཡོད་དེ། བསྡོམས་ནས་ལོ་རེར་རྒྱུགས་སྤྲོད་ལ་ཕེབས་མཁན་གྱི་འཛིན་གྲྭ་ལྔ་མ་གཏོགས་དགོས་དོན་མེད། དཔེར་ན་གྲྭ་ཚང་གཅིག་ལ་ཆ་བཞག་ན་དབུ་མར་འཛིན་གྲྭ་བཞི་དང་ཕར་ཕྱིན་འཛིན་གྲྭ་དྲུག་ཡོད་མཁན་ཞིག་ཡིན་ཚེ་ལོ་གཅིག་ལ་ཕར་ཕྱིན་ཐོན་པ་དང་དབུ་མ་ཐོན་པའི་འཛིན་གྲྭ་གཉིས་ཡོད་ཡོད་པ་ཡིན་དུས།
འཕྲོས་ཤོག་ངོས་དྲུག་པར་གཟིགས།
གོང་ཞུས་འཛིན་གྲྭ་བཅུའི་ནང་ནས་ཕར་ཕྱིན་དང་དབུ་མ་ཐོན་པའི་རྒྱུགས་སྤྲོད་དུ་ཕེབས་མཁན་འཛིན་གྲྭ་གཉིས་ཏག་ཏག་ཡོང་གི་རེད། དེ་འདྲའི་སྒྲོམ་གཞིའི་ནང་དུ་རྒྱུགས་སྤྲོད་ཀྱི་འཆར་གཞི་བཀོད་ན་མཐོ་རིམ་སློབ་གྲྭ་སྤྱིའི་འགྲོས་དང་མཐུན་ཞིང༌། གྲྭ་ཚང་གང་ཞིག་ལ་འཛིན་གྲྭ་ག་ཚོད་ཡོད་ཀྱང་འཛིན་གྲྭ་ཐོན་མཚམས་དེ་ག་རང་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་ཐུབ་ཀྱི་ཡོད་པས་དུས་ཚོད་དང་དགོས་མཁོ་གཉིས་ཀའི་ཁེ་ཕན་དེ་མ་འཕྱུག་པར་སྤྱི་སྒེར་ཚང་མར་ཐོབ་ཀྱི་ཡོད། བརྒྱུད་རིམ་དེའི་ནང་གོམ་ཁ་སྤོས་ན་མི་སོ་སོའི་བློ་ཁ་དང་མཐུན་པར་སྒྲུབ་འོས་པའི་བྱ་བཞག་མང་པོ་རང་བཞིན་གྱིས་མངོན་འོང༌། འགྱུར་བ་འདི་འདྲ་ཞིག་གཏོང་བར་དཀའ་ངལ་ཆེན་པོ་གང་ཡང་མེད། དེ་རིང་ཉིད་ནས་འགོ་ཚུགས་ཀྱང་སློབ་ཚན་ནི་སྔར་བཞིན་བཀའ་པོད་ལྔ་པོ་དེ་ཉིད་ཀྱི་སྟེང་ཞིབ་ཕྲའི་དྲི་བ་བཟོ་རྒྱུ་དང༌། ཟུར་སྦྱོང་རྟེན་འབྲེལ་བསྟོད་པ་དང་འཕགས་བསྟོད། རིག་གནས་དང་ཆོས་འབྱུང་སོགས་ནི་ལོ་ལྔའི་རིང་ཚན་པ་ཁ་ཁ་ཕྱེ་ནས་མཚམས་སོ་སོར་བགོ་བཤའ་རྒྱག་རྒྱུ་དེ་རང་རེད། དཔེར་ན་ལོ་འདིར་དགེ་ལུགས་རྒྱུགས་སྤྲོད་ལོ་རིམ་བཞི་པའམ་དྲུག་པ་ལ་སླེབས་ངེས་ཤིག་ཡིན་ཡང་སོ་སོའི་གྲྭ་ཚང་གི་བཀའ་པོད་ལྔའི་འཛིན་གྲྭའི་གོ་རིམ་ལྟར་བཀའ་པོད་མཐའ་མ་གཅིག་གམ། མཐའ་མ་གཉིས་གང་རུང་གི་རྒྱུགས་སྤྲོད་འགྲིམ་འགོ་ཚུགས་ན་དེ་གས་འཐུས་ཀྱི་ཡོད། དེ་སོགས་ཕྱོགས་གང་ནས་བལྟས་ཀྱང་འགྱུར་བ་གཏོང་རྒྱུར་དཀའ་ངལ་ཆུང་ཆུང་རེད། འདི་ནི་ཆེས་བསྡུས་པའི་བསམ་ཚུལ་ཏེ་ཞིབ་གསལ་བློ་ལ་ཡོད་པ་རྣམས་དགོས་མཁོའམ་གསལ་བཤད་དགོས་ཚེ། ཕྱི་ནང་གསང་གསུམ་གྱི་གསལ་བཤད་ཁྱོན་ཡོངས་སུ་སྤེལ་རྒྱུར་གྲ་སྒྲིག་ཨང་གསར་བྱས་ནས་ཡོད།  མདོར་ན་གྲྭ་རྒྱུན་མང་པོ་དགོས་པ་རྩ་དོན་ལ་བཞག་ནས་གོང་ཞུས་ལྟར་རྣམ་བཞག་ཕྱིན་ཅི་ལོག་ཏུ་མཁྲེགས་འཛིན་བྱེད་དམ། མི་སྨོན་རང་སྐྱིད་དང་བསྒྲུབ་བདེ་བློ་བབ། དུས་བབས་ཀྱི་འགྲོས་དང་མཐུན་པའི་དངོས་ཡོད་བྱ་བཞག་ལ་བསྐྱོད་མིན་དེ་ལ་ཐུག་ཡོད། །

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།