ལམ་ཆུང་གི་དྲན་སྐུལ་བཀླགས་པའི་འཆར་སྣང།
མཁས་གྲུབ་བསམ་གཏན།
སྤྱིར་གོ་ལ་ཧྲིལ་པོ་འདིའི་སྟེང་དུ་གནས་པའི་འགྲོ་བ་མི་ཞིག་ལ།བདག་ལྟ་བུས་བསྔགས་བརྗོད་བྱེད་པ་ནི་འོས་ཤིང་འཚམས་པ་ཞིག་གཏན་ནས་མིན་མོད། བང་ཆེན་ཚགས་ཤོག་ནང་ཐོན་པའི་ལམ་ཆུང་ཞེས་པའི་མིང་དེ་ཐོས་རྗེས། དེ་ནི་རྣམ་དཔྱོད་འགྲན་བྲལ་ཞིག་རེད་སྙམ་པའི་དོགས་གཞི་ཙམ་མ་བྱུང། སྐབས་དེར་བོད་ཀྱི་བང་ཆེན་གསར་ཤོག་ཐོག་ཁྱེད་ཀྱིས་མོན་པ་དང། ཁུ་ནུ། སྤི་ཏི། ལ་དྭགས་ཀྱིས་མཚོན་པའི་ཧི་མ་ལ་ཡི་རིགས་རྒྱུད་ཀྱི་སྤུན་གྲོགས་སོགས་ལ། མཚན་ཉིད་རིགས་པའི་སྟེང་ནས་ནང་ཆོས་སྤེལ་ཕྱོགས་ཀྱི་རེ་བ་དང་མངོན་འདོད་རྒྱ་མི་ཆུང་བའི་རེ་སྐུལ་ཞིག་བྲིས་འདུག ཁོ་བོས་ཞིབ་མོར་ལྟ་དུས་དེ་ནི་མི་འགྲིགས་པ་གཏན་ནས་མེད་པ་མ་ཟད། སོ་སོའི་མི་རིགས་ལ་མིག་དཔེ་བཟང་པོ་ལྟ་ས་ཧང་སང་ཞིང་ཡིད་འགུགས་པའི་དགའ་སྐྱོ་འབྲེལ་བའི་དཔྱད་རྩོམ་ཞིག་བཀོད་པ་མཐོང། དེས་བས་ན་བདག་ལྟ་བུས་ཁྱེད་ལ་བསྔགས་བརྗོད་ཀྱིས་གུས་བཀུར་མ་ཞུས་ཀ་མེད་བྱུང།
ཁྱེད་ནི་ཆུང་དུས་ནས་འབྲས་བློ་གླིང་སློབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས། འཛུམ་དམུལ་དམུལ་གྱིས་སེམས་བསླུ་བའི་སྡིག་པའི་གྲོགས་པོ་དང་ལྷན་དུ་ཁ་ནས་ཅ་ཅོར་ངག་འཁྱལ་སོགས་ཀྱིས་ཉི་ཟླ་འཁོར་ལོ་བསྐོར་བ་མ་ཡིན་པར། དོན་ཐོག་ཏུ་མཛའ་གཅུགས་ཀྱི་ཆོས་གྲོགས་བཟང་པོ་དང་ལྷན་དུ་ལོ་ངོ་བཅུ་ཕྲག་ལྷག་དཔུང་པ་མཉམ་གཤིབ་བྱས་ནས། དབྱིན་བོད་ཧིན་ཡིག་སོགས་ལ་བསྟུད་མར་རིག་པ་བསྒྲིམས་ཏེ། སློབ་གཉེར་རྒྱ་མི་ཆུང་བས་བྱ་དགའ་ཐོབ་མྱོང་འདུག ཁྱེད་ཀྱིས་སློབ་མཐར་ཕྱིན་པའི་སྐབས་ཡིན་ནའང། གངས་སུལ་རོལ་དབྱངས་དུས་དེབ་དང། ཚགས་ཤོག་མང་པོའི་ནང་རྩོམ་ཡིག་མི་ཉུང་བ་བཀོད་འདུག གཞུང་ཆེན་བཀའ་པོད་ལ་བརྩོན་པའི་སྐབས་ཀྱང་རྩེ་ཕུད་དང་རབ་འབྱམས་པ་ཨང་དང་པོའི་བྱ་དགའ་བཅས་ཐོབ་ཡོད་པ་རེད། བདག་ལྟ་བུས་ཁྱེད་ལ་སྤྲེལ་ལད་ཀྱི་གདོང་སྟོན་དགོས་དོན་མེད་ལ། ཚིག་བཅད་ཀྱང་འབྲི་དགོས་དོན་མེད། སྤྱིར་གོ་ལ་ཟླུམ་པོ་འདིའི་སྟེང་དུ་སོ་སོའི་མིང་དང་དགོས་མཁོ་ལ་གཟིགས་ནས་གོང་མ་ལ་སྐྱབས་བསྟེན་ནས། བསྟོད་པ་བྱེད་མཁན་དང། འོག་མ་ལ་དབང་ཡོད་བྱས་ནས་འཕྱ་སྨོད་བྱེད་མཁན་མང་ན་ཡང། ཁོ་བོ་ནི་དེའི་ཕྱོགས་སུ་སོང་མེད་ལ། ཁྱེད་འདྲ་བའི་ལྷག་བསམ་བཟང་པོ། སྙིང་སྟོབས་ཆེན་པོ་ནི་དུས་རབས་གསར་པའི་འཇིག་རྟེན་འདིའི་སྟེང་དུ་རྐང་གཉིས་ཀྱི་འགྲོ་བ་ཡོངས་ཀྱིས་བལྟས་ན་མཐོང་དཀའ་བ། བཙལ་ན་རྙེད་དཀའ་བའི་སྙིགས་མའི་དུས་ཆགས་འདུག་སྙམ། བདག་གི་བརྗོད་གཞི་གཙོ་བོ་ནི་བང་ཆེན་ནང་ཐོན་པ་ལྟར། ཁྱེད་ཀྱི་མངོན་འདོད་དེ་གློ་བུར་དུ་མེ་འབར་བ་ལྟར་མ་ཡིན་པར། ཆུ་བོ་བཞིན་གནས་ཐུབ་པའི་ཁོ་བོས་ཀྱང་དེ་ལ་ཤུགས་སྣོན་དང། རྒྱབ་སྐྱོར་གྱི་ཚུལ་དུ་ཡིག་ཕྲེང་གི་ཐིགས་པ་འགའ་ཞིག་སྨྱུག་རྩེ་ནས་ཟགས་སོང།།