ཉེན་ཁའི་ནང་ནས་ཉེན་ཁ་ཞིག

བཀྲ་ཤིས་བདེ་ལེགས།    བྷེལ་ཀོབ།
མཁས་པ་ཚོའི་ལེགས་བཤད་དུ། སྐད་ཡིག་ནི་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་སྲོག་རྩ་རེད་ཅེས་གསུངས་པ་བཞིན། རང་རེའི་བོད་ཀྱི་སྐད་ཡིག་ཀྱང་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཁྱད་ཆོས་སམ་སྲོག་རྩ་ཉག་གཅིག་ཡིན་པར་སུ་ཞིག་གིས་བསྙོན། འདས་ཟིན་པའི་དུས་རབས་ཕྱེད་ལྷག་གི་རིང་ལ་ང་ཚོས་རྒྱ་ནག་ལ་འཐབ་མོ་བྱེད་པའི་ལག་ཆ་གཙོ་བོ་ནི་ང་ཚོའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་རྩ་མེད་གཏོང་གི་འདུག ང་ཚོ་བཙན་བྱོལ་བ་རྣམས་ཀྱིས་བོད་མི་རང་ཉིད་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་སྲུང་སྐྱོབ་དང་ཆོས་རིག་ཉམས་གསོ་བྱེད་ཀྱི་ཡོད་ཅེས་འཛམ་གླིང་ལ་བསྒྲགས། རྒྱ་ནག་ལ་བརྩད། རང་ཉིད་ཀྱིས་གླེང་གི་ཡོད་པ་འདི་རེད། འདི་ལྟར་བཤད་པ་ལ་བྱང་བའི་འགན་ཁུར་བ་ཚོའི་ངག་ན་ཚིག་སྙན་ལ་གཏིང་ཟབ་པ། གོ་བདེ་བའི་ཞལ་འདོན་སྙན་མོ་ཞིག་ཀྱང་གྲུབ་ཡོད། ས་གང་ལ་སོང་ན། མི་སུ་དང་འཕྲད་ན། ཞལ་འདོན་འདི་བསྐྱོར་ནས་འདུག་མཁན་ཚོ་ནི་རང་ཉིད་ཀྱི་རྐུབ་སྟེགས་ལ་ཞབས་བརྟན་བྱེད་མཁན་ཁོ་ན་རེད་ཅེས་གླེང་མི་ཆོག་པ་ཞིག་ཨེ་ཡོད་སྙམ།

དོན་དངོས་བདེན་ཐོག་ལ་བསམ་ཞིང་བལྟས་ན། ང་ཚོས་ཆོས་རིག་སྐད་ཡིག་ག་ཚོད་ཅིག་སྲུང་སྐྱོབ་དང་དར་སྤེལ་བཏང་བ་རེད་ཅེས་དྲིས་ན། དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ། སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ལ། བོད་ཀྱི་སྐད་ཡིག་གི་ཚགས་པར་དང་དུས་དེབ་འདི་འདྲའི་ཕོན་ཆེན་པོ་བྱུང་ཡོད་པ་འདི་རེད་ཅེས་སྤོབས་པ་ཆེ་མདོག་གིས་བསྒྲགས་ཀྱི་ཡོད་ན་ཡང། ངོ་མ་བཤད་ན་འདི་ནི་བོད་ནང་དུ་རྒྱ་ནག་གིས་དམངས་གཙོ་བཅོས་བསྒྱུར་དང། རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་བཏང་ཤུལ་དུ་སྐྱེས་ཤིང་འཚར་ནས་ཡོང་བའི་བོད་འབྱོར་ཚོས་མ་རྐང་བཞག་ཅིང་སྐྱེད་སྲིང་བྱས་པ་ཁོ་ན་ཡིན་པ་ལས། བཙན་བྱོལ་དུ་སྐྱེས་ནས་སྐྱེད་སྲིང་བྱས་པའི་གཞོན་སྐྱེས་ཤིག་གིས་རང་སྐད་ཐོག་དེབ་འདི་དང་ཚགས་པར་འདི་བཏོན་པ་རེད་ཟེར་ནས། སྟོན་རྒྱུ་ཡོད་པ་ནི་ཧ་ཅང་དཀོན་པོར་གྱུར་ཡོད་ཅེས་གླེང་ན་ཕལ་ཆེར་ཧམ་བཤད་བྱས་པ་མ་རེད། འདིས་ག་རེ་མཚོན་གྱི་འདུག་ཟེར་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་དམིགས་ཡུལ་ངོ་མ་དེ་གཏན་ནས་འགྲུབ་མེད་པས་མ་ཚད། སྒྲུབ་མཁན་གྱིས་འགན་མ་བླངས། དོ་མ་ཁུར། སྒྲུབ་བྱེད་ཀྱི་ཤེས་ཡོན་སྲིད་ཇུས་ཀྱི་རྨང་གཞི་གནད་དུ་མ་ཁེལ་བ་ཉག་གཅིག་རེད་འདོད། དེ་མིན་ན་ྋགོང་ས་མཆོག་གིས་བོད་ཕྲུག་རྣམས་རྒྱ་གར་སློབ་གྲྭར་མ་བཏང་བར་རང་ཉིད་ཀྱི་ངོ་བོ་མི་བརླག་པའི་ཆེད། བོད་ཀྱི་སློབ་གྲྭ་ཁེར་འཛུགས་དགོས་པར་སྐུ་ལས་བསྐྱོན་ནས་དུས་རབས་ཕྱེད་ཟིན་ཡོད་པའི་དུས་ད་ལྟ་རང་ཉིད་ཀྱི་སྐད་ཐོག་རྩོམ་སྒྲིག་པ་དང་རྩོམ་མཁན་སྣེ་ཁྲིད་པ་ཕྱེད་ཀ་བོད་ཕྱི་རོལ་ནས་སྐྱེས་པའི་ན་གཞོན་ཡིན་ན་མ་འགྲིག་པ་ག་ལ་ཡོད།
    མཚམས་འདི་ནས་ངས་དངོས་སྒྲུང་ཐུང་ཐུང་ཞིག་བཤད་ན། འདི་ལོའི་ཕྱི་ཟླ་༥ པའི་ཚེས་༡༠ ཉིན་བོད་ཀྱི་གཞིས་ཆགས་ཆེས་ཐོག་མ་དང་ཆེ་ཤོས། མི་འབོར་མང་ཤོས་ཡིན་པའི་བྷེལ་ཀོབ་གཞིས་ཆགས་སུ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཞེས་པའི་ཚོགས་པ་དེས་ཆེད་དུ་རྒྱ་གར་ལ་སྐྱེས་པའི་སློབ་ཕྲུག་ཚོར་དམིགས་ནས་གཏན་འཇགས་སློབ་གྲྭའི་གུང་སེང་དང་སྟབས་བསྟུན། རིག་གནས་འཆད་ཁྲིད་ཀྱི་ལས་འགུལ་ཞིག་སྤེལ་སོང༌། དེའི་ནང་འཛུལ་ཞུགས་བྱས་པའི་སློབ་མ་སུམ་བརྒྱ་ལྷག་བྱུང་ཡོད་པ་ཚང་མ་འཛིན་རིམ་དགུ་པ་ནས་བཅུ་གཉིས་དང༌། བཅུ་གཉིས་ཐོན་ནས་མཐོ་རིམ་སློབ་གྲྭར་འགྲོ་རན་ཡོད་མཁན་ཤ་སྟག་རེད། ཁོང་ཚོ་ཚང་མའི་ཕ་མ་ཡང་རྒྱ་གར་ནས་སྐྱེས་ཤིང་འཚར་ལོང་བྱུང་བ་རྐྱང་རྐྱང་རེད། ཡིན་ན་ཡང་དེའི་གོ་སྒྲིག་པ་ནི་བོད་ནས་འབྱོར་བའི་དགེ་འདུན་པའི་ཚོགས་པ་ཞིག་རེད་ལ། དགེ་རྒན་ཡང་བོད་ནས་ཕེབས་པའི་དྷ་སྟེང་བོད་ཁྱིམ་སློབ་དེབ་རྩོམ་སྒྲིག་པ་དང་ཉམས་ཞིབ་པ་ཞིག་རེད། ལས་འགུལ་དེའི་མཛད་སྒོ་ཚར་བ་དང་དགེ་རྒན་གྱིས་སློབ་མ་ཚོར་ཚོད་རྒྱུག་ཅིག་བླངས་ནས་རང་རང་གི་མིང་བོད་ཀྱི་སྐད་ཡིག་ཐོག་ཀློག་སྦྱོར་བྱེད་བཅུག་སྐབས། མང་ཆེ་བས་རང་གི་མིང་ཙམ་ཡང་བོད་ཀྱི་སྐད་ཡིག་ཐོག་ཀློག་སྦྱོར་མ་ཤེས་པའི་གནས་ཚུལ་བྱུང་ཡོད་པ་རེད། སྒྲུང་དེ་འདྲ་ཞིག་རེད། གནད་དོན་འདིའི་ཐོག་ལ་འགན་ཁུར་མི་སྣ་སུ་ཞིག་གིས་ཞིབ་འཇུག་བྱས་ཡོད་པ་རེད་དམ། གནས་ཚུལ་འདིས་ང་ཚོས་ད་བར་སྐད་ཡིག་འཛིན་སྐྱོང་ག་ཚོད་བྱས་ཡོད་པའི་བདེན་དཔང་བྱས་པ་མ་རེད་དམ། འདི་འདྲའི་གནས་བབས་ཤིག་གི་འོག་ནས་རིགས་གཅིག་རྐང་འཛིན་ཟེར་བ་ཞིག་ཡོང་ས་འདུག་གམ། ངས་འདི་ནི་ཉེན་ཁའི་ནང་ནས་ཉེན་ཁ་ཞིག་ཏུ་གྱུར་འདུག་སྙམ་གྱི་འདུག ནང་དོན་ནི། མི་དྲན་དགུ་དྲན་གྱི་རྒྱ་ནག་གིས་ཉིན་གཅིག་ཕྱི་སྡོད་བོད་མི་ཚོས་བོད་ནང་སྐད་ཡིག་རིག་གཞུང་རྩ་བརླག་འགྲོ་བཞིན་ཡོད་པར་བཤད་པ་རྫུན་མ་རེད། དོན་དུ་བོད་ནང་གི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་སྐད་ཡིག་སྦྱང་སྤྱོད་བྱེད་ཀྱི་ཡོད་པས་མ་ཚད། ཕྱི་སྡོད་བོད་མའི་སྒྲིག་འཛུགས་དང་སྤྱི་ཚོགས་ནང་གི་བོད་ཀྱི་སྐད་ཡིག་རྒྱུད་འཛིན་ལ་ཞབས་འདེགས་ཀྱི་འགན་ཁུར་རྐང་ལེན་བྱེད་མཁན་ཚོ་ནི་བོད་ནས་སོང་བ་རྐྱང་རྐྱང་རེད། ཡིད་མི་ཆེས་མཁན་སུ་ཡོད་ན་བཙན་བྱོལ་སྤྱི་ཚོགས་སུ་སོང་དང་དེར་ཡོད་བོད་ཀྱི་སྐད་ཡིག་གི་བྱེད་སྒོ་ཚང་མ་ཀྲུང་གོའི་བོད་ཀྱི་ནང་ནས་སློབ་སྦྱོང་ཐོབ་པའི་གཞོན་སྐྱེས་ཁོ་ན་རེད་ཅེས་གཏམ་བརྗོད་གསར་པ་ཞིག་སྤེལ་ཡང་ཁོ་ཚོ་ལ་བདེན་ཁ་མི་ཐོབ་པའི་ངེས་པ་མེད་པའི་གནས་ཤིག་མ་རེད་དམ། ང་ཚོས་འཛམ་གླིང་ལ་བསྒྲགས་པའི་བོད་ཀྱི་རྩ་དོན་གྱི་སྙིང་པོ་མ་ལོན་པ་མ་རེད་དམ། དེར་བརྟེན་ང་ཚོའི་འགན་ཁུར་བ་ཚོས་ཁ་བཤད་དོན་ཡོད་ཀྱིས། ཕར་ཕྱོགས་སུ་དགོས་འདུན་ཉི་ཚེ་བ་རེ་བཏོན་ནས་འདུག་པ་ལས། རང་གི་མ་ཤེས་ན་གཞན་ལ་དྲིས་གསུངས་པའི་བཀའ་སློབ་སྙིང་ལ་བཅངས་ནས་ཞིབ་འཇུག་བྱས། བསྒྱུར་བཅོས་བཏང༌། ཁ་ཡོད་ལག་ཡོད། མིག་མཐོང་ལག་ཟིན་གྱི་གྲ་སྒྲིག་རེ་རང་ཐོག་ནས་བྱེད་དགོས་པ་གལ་ཆེན་དུ་མཐོང། དེ་མིན་ྋགོང་ས་མཆོག་གི་བཀའ་སློབ་རེ་གནང་སྐབས་གཞི་ནས་གཉིད་སད་པ་བཞིན། ཚ་ཚ་འུར་འུར་གྱིས་སྤྲོ་འཁྱམ་ཐུགས་སྤྲོ་རེའི་ཆེད་དུ་གཏམ་བཤད་གཡང་འབོད་རེ་བྱས་པས་ཕན་ཐོགས་ཤིག་ཡོད་དམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།