གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༡
འདོན་ཐེངས་སྔོན་མའི་འཕྲོས། བཞི་པ། ས་ལེགས་དྲུག་གི་སྐོར་ལ་བཤད་པ། ས་ལ་ལེགས་དྲུག་ཅེས་པ་ནི་བོད་ཀྱི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་དང༌། བཅུ་གཅིག་པ་དེ་ཤོ་ལེགས། བཅུ་གཉིས་པ་ཐི་ཤོ་ལེགས། བཅུ་གསུམ་པ་གུ་རུབ་ལེགས། བཅུ་བཞི་པ་འབྲོང་གཞེར་ལེགས། བཅོ་ལྔ་པ་ཨི་ཤོ་ལེགས་བཅས་ཀྱི་བར་དུ་རྒྱལ་རབས་དྲུག་ལ་ཟེར་གྱི་ཡོད། དེ་ཡང་ས་ལ་ལེགས་ཞེས་བརྗོད་དོན་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། ས་ལ་དུར་འདེབས་པས་ས་ཡི་ཡག་དྲུག་བྱུང་བ་ཡིན་ཞེས་བཤད་ཅིང༌། རྒྱལ་པོ་འདི་དག་གི་པུར་སྒམ་སའི་འོག་ཏུ་སྦས་པའི་ཕྱིར་དེ་ལྟར་བཏགས་པ་མིན་ནམ་སྙམ་ཡང་དཔྱད་དགོས་པར་བསམ།

གཤམ་དུ་བཙན་པོ་དེ་དག་གི་སྐོར་རགས་ཙམ་བཤད་ན། དང་པོ། བོད་ཀྱི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་ཀྱི་ཡབ་ནི་སྤུ་དེ་གུང་རྒྱལ་དང༌། ཡུམ་འོམ་ཐང་སྨན་འཚོ་གཉིས་ཀྱིས་སྲས་སུ་འཁྲུངས་པར་གསལ། ཆོས་འབྱུང་མཁས་པའི་དགའ་སྟོན་ལྟར་ན། རྒྱལ་པོ་འདིའི་མཚན་ལ་ཨི་ཤོ་ལེགས་ཞེས་བརྗོད་ཡོད། དེ་ཡང༌། ཏུན་ཧོང་ཡིན་ཆའི་ནང་དུ་རྒྱལ་རབས་བཅུ་པའི་སྐོར་འདི་བཞིན་གསལ་ཏེ། སྤུ་དེ་གུ་རྒྱལ་གྲོངས་ན། གྲང་མོ་གནམ་གསེར་བརྩིག །གསེར་བརྩྀག་གྀ་སྲས། ཐོ་ལེག་བཙན་པོ། །ཞེས་འབྱུང་བ་ལས། ཨེ་ཤོ་ལེགས་ཞེས་པ་གསལ་བའི་རིགས་མ་སྣང༌། གཞན་ཡང་ཏུན་ཧོང་ཡིག་ཆ་ལྟར་ན་འདི་ནས་རིམ་བཞིན་རྒྱལ་རབས་ཁ་ཤས་ཀྱི་མཚན་ཡིག་ཆ་གཞན་པའམ་རྩི་སྲོལ་ཡོངས་གྲགས་ལྟར་འབྱུང་གི་མེད་པ་ལྟ་བུ་ཡིན་ཏེ། དཔེར་ན། གོང་བརྗོད་བཞིན་རྒྱལ་རབས་བཅུ་པའི་མཚན་ལ་ཐོ་ལེག་བཙན་པོ་དང༌། རྒྱལ་རབས་བཅུ་གཅིག་པའི་མཚན་ལ་ཤོ་ལེགས་བཙན་པོ་བཅས་རྒྱལ་རབས་འདི་དག་གི་མཚན་གཞན་དང་ཅུང་ཟད་མི་འདྲ་བ་དང༌། ད་དུང་རྒྱལ་རབས་ཡོངས་གྲགས་ནང་དུ་རྒྱལ་པོ་ཐི་ཤོ་ལེགས་བོད་ཀྱི་རྒྱལ་རབས་བཅུ་གཉིས་པ་དང༌། ས་ལ་ལེགས་དྲུག་གི་ནང་ན་གསུམ་པ་དེ་ཡིན་ནའང༌། ཏུན་ཧོང་ཡིག་ཆ་ལྟར་ན། རྒྱལ་པོ་ཐི་ཤོ་ལེགས་རྒྱལ་རབས་སྤྱིའི་གྲངས་བཅུ་བཞི་པ་དང༌། ས་ལ་ལེགས་དྲུག་གི་ནང་ནས་ལྔ་པ་དེ་ཡིན་པར་སྣང་བས་གཟིགས་ཞིབ་གནང་བར་འཚལ།
ཡོངས་གྲགས་ལྟར་ན་རྒྱལ་པོ་ཨེ་ཤོ་ལེགས་ནི་བོད་ཀྱི་རྒྱལ་རབས་བཅུ་པ་དང༌། ས་ལ་ལེགས་དྲུག་གི་ནང་ནས་ཐོག་མ་དེ་ཡིན་པ་རེད།
    རྒྱལ་པོ་འདིའི་རིང་ལ་བོད་ཀྱི་མཛངས་བློན་གཉིས་པ་རུ་ལ་སྐྱེས་ཀྱི་བུ་བློན་པོ་ལྷ་བུ་མགོ་དཀར་ཞེས་པ་དེ་བྱུང་ཞིང༌། ཁོང་གི་མཛངས་ལས་ལ་སྐབས་དེར་ཞིང་ལ་དོར་ཁ་བརྩིས་པ་དང༌། འབྲོག་པ་ལ་ཐུལ་ཁ་བརྩིས་པའི་ཐོན་སྐྱེད་ལམ་ལུགས་གསར་གཏོད་བྱས་པར་གསལ་ཡོད། བློན་པོ་ལྷ་བུ་མགོ་དཀར་གྱི་སྐོར་ལ་དོན་འགྲུབ་རྒྱལ་གྱི་ཐོར་རྩོམ་ཕྱོགས་བསྒྲིགས་ནང་དུ་འདི་བཞིན་གསལ་ཏེ། བློན་པོ་ལྷ་བུ་མགོ་དཀར་གྱི་བྱས་རྗེས། བློན་པོ་ལྷ་བུ་མགོ་དཀར་ནི། རུ་ལས་སྐྱེས་ཀྱི་སྲས་ཡིན་ལ། ཡབ་འདས་རྗེས་འདིས་ཡབ་ཀྱི་དོད་དུ་རྒྱལ་པོ་ཨེ་ཤོ་ལེགས་ཀྱི་བློན་པོ་མཛད་པ་རེད། འདིས་བློན་པོའི་དབང་ཆ་འཛིན་སྐབས་སུ་རང་གི་མཐུ་དང་ནུས་པ་ལ་བརྟེན་ནས་བཙན་པོ་ལ་ཆབ་སྲིད་ཀྱི་ཁུར་སྐྱོང་རོགས་བྱས་ཏེ། བྱས་རྗེས་འབུར་དུ་ཐོན་པ་བཞག་མྱོང་བས། བོད་ཀྱི་མཛངས་བློན་མི་བདུན་གྱི་གཉིས་པར་རྩི་བ་ཡིན། གོང་དུ་བཤད་ཟིན་པ་ལྟར། སྤུ་ལྡེ་གུང་རྒྱལ་གྱི་རིང་ལ། བཟོ་ཞིང་ཕྱུགས་གསུམ་གྱི་ཐོན་སྐྱེད་དར་བ་དང༌། འགྲིམ་འགྲུལ་སྟབས་བདེར་བཏང་བ་མ་ཟད། ཆུ་བེད་ཀྱི་འཛུགས་སྐྲུན་ཡང་བྱུང་བས། བཙན་པོའི་གདུང་རྒྱུད་ཕྱི་མ་རྣམས་ཀྱིས་ཆབ་སྲིད་སྐྱོང་བ་ལ་ཕྱོགས་གང་ཅིའི་ཐད་ནས་རྨང་གཞི་བཟང་པོ་ཞིག་བཏིང་ཟིན། དེར་བརྟེན་བཟོ་ཞིང་ཕྱུགས་གསུམ་ཀྱི་ཐོན་སྐྱེད་ཆུ་ཚད་དེ་སྔར་ལས་ཀྱང་གོམ་གང་མདུན་དུ་སྤོ་ཐུབ་པ་དང༌། སྔར་ལས་ཀྱང་ཚད་ངེས་ཅན་ཞིག་ཏུ་མཐོ་རུ་འདེགས་དགོས་ན། ངེས་པར་དུ་ཐོན་སྐྱེད་ཀྱི་ལམ་ལུགས་ངེས་ཅན་ཞིག་ལ་བརྟེན་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད། དེའི་ཕྱིར་རུ་ལས་སྐྱེས་ཀྱི་སྲས་ལྷ་བུ་མགོ་དཀར་བྱ་བ་འདིས། ཡབ་ཀྱི་གཞུང་བཟང་པོ་དང་ལས་དོན་བཟང་པོའི་རྒྱུན་མ་བཏང་བར། ཞིང་ལ་དོར་ཁ་བརྩིས་པ་དང༌། འབྲོག་པ་ལ་ཐུལ་ཁ་བརྩིས་པའི་ཐོན་སྐྱེད་ལམ་ལུགས་གསར་དུ་གཏོད་པ་རེད། ཞིང་ལ་དོར་ཁ་བརྩིས་ཞེས་པ་ནི། རྨོན་པ་དོར་གཅིག་གིས་ཉིན་གཅིག་ལ་རྨོ་ཐུབ་པའི་ས་ཞིང་གི་རྒྱ་ཁྱོན་ཚད་དུ་བཟུང་སྟེ། ས་ཞིང་གི་ཚད་གཏན་ལ་ཕབ་པ་དང༌། ས་ཞིང་གི་ཚད་གཏན་ལ་ཕབ་པ་དེས། རྨོ་འདེབས་དང་སྟོན་བསྡུའི་མྱུར་ཚད་འཛིན་ཐུབ་ཅིང༌། དོར་གཅིག་གི་རྨོ་ཐུབ་པའི་ས་ཞིང་ལ་ས་བོན་ཅི་ཙམ་དགོས་པ། དེ་ལས་ཐོན་ཚད་ཅི་ཙམ་ཡོང་བ་སོགས་སོ་ནམ་གྱི་བྱ་བ་ལ་གདེང་ཚོད་དང་ཚད་གཞི་ཡོད་པར་གྱུར་པ་རེད། འདི་ནི་ཞིང་ལས་ཐོན་སྐྱེད་གོང་དུ་སྤེལ་བའི་ཆ་ལ་མེད་དུ་མི་རུང་བའི་ཐབས་བཀོད་གལ་ཆེན་ཞིག་ཡིན་པ་མ་ཟད། ཞིང་ལས་ཐོན་སྐྱེད་ཀྱི་བདག་གཉེར་དོ་དམ་གྱི་བྱ་བ་ལའང་གསར་བཅོས་ཐེངས་ཤིག་བྱས་པ་ཡིན་པས། སྔོན་ཐོན་གྱི་མཛད་རྗེས་བསྔགས་པར་འོས་པ་ཞིག་རེད། དུས་མཚུངས་སུ་ཞིང་ལ་དོར་ཁ་བརྩིས་པ་དེས་བཙན་པོའི་ཁྲལ་གྱི་ཚད་ཀྱང་གཏན་ལ་འབེབས་ཐུབ་པ་ཡིན་མོད། འོན་ཀྱང་དེ་དུས་ཁྲལ་ཅི་ལྟར་འཇལ་དགོས་པ་དང༌། དོར་གཅིག་གི་ཚད་ལོངས་པའི་ས་ཞིང་ནང་ཁྲལ་ཅི་ཙམ་འཇལ་དགོས་པ་སོགས་ནི། ད་དུང་ཁ་ཚོན་གཅོད་མི་ནུས་ཏེ། དཔྱད་གཞི་མ་མཐོང་བའི་ཕྱིར་རོ། །འབྲོག་པ་ལ་ཐུལ་ཁ་བརྩིས་ཞེས་པ་ལ་ཡང་གོང་གསལ་གྱི་དོན་སྙིང་དེ་རྣམས་བཅོས་མིན་དུ་ལྡན་པ་དང༌། ཐུལ་ཞེས་པ་ནི་བཞོན་མའི་དོན་ཡིན་ལ། བཞོན་མའི་ཁ་གྲངས་བརྩིས་པ་དེས་ཕྱུགས་ཁྱུ་གཅིག་ལ་ཕོ་ཕྱུགས་དང་མོ་ཕྱུགས་ཅི་ཙམ་ཡོད་པ་དང༌། བཞོན་མ་རེ་ལས་འོ་མ་ཅི་ཙམ་བཞོ་ཐུབ་པ། མར་ཅི་ཙམ་དཀྲོགས་ཐུབ་པ། ཆུར་བ་ཅི་ཙམ་ལེན་ཐུབ་པ། དེ་དག་ཁྲལ་འབབ་ཅི་ལྟ་བུ་ཡིན་པ་སོགས་གཏན་ལ་འབེབས་ཐུབ། ཐོན་སྐྱེད་ཀྱི་ལམ་ལུགས་གསར་པ་ཞིག་བྱུང་བ་འདིས་ཞིང་ཕྱུགས་ལས་ཐོན་སྐྱེད་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བསྐྱེད་པ་རེད། ཞིང་ཆུ་མ་རྨོ་བའི་སྲོལ་ཀ་དེ་ནི་བཙན་པོའི་ཡབ་ཀྱི་རིང་ནས་བྱུང་ཟིན་ན་ཡང༌། རྒྱལ་པོ་འདིའི་སྐུ་རིང་ལ། ཆུ་མའི་འདེབས་རྒྱ་སྔར་ལས་ཀྱང་ཇེ་ཆེར་གྱུར་པ་མ་ཟད། ཞིང་ལས་ཐོན་སྐྱེད་དེ་ཡར་ངོའི་ཟླ་བ་ལྟར་འཕེལ་བའི་གོ་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཐུབ། ཅེས་གསལ་འདུག
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།