བཅོ་ལྔའི་དུང་ཟླའི་འོག་གི་མཛངས་མའི་ཞལ་རས།
ཟླ་འདིའི་ཕྱི་ཚེས་༧ ཉིན་སྟེ། ས་ག་ཟླ་བའི་ཚེས་༡༥ དགོང་མོ་༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་རྩེ་ཕུད་དྷ་རམ་ས་ལ་ནས་ཡིན་པ་རང་ལོ་༢༠ ཅན་གྱི་བུ་མོ་བསྟན་འཛིན་ཆོས་འཛོམས་ལ་ཐོབ་སྟེ། བཅོ་ལྔའི་དུང་ཟླའི་འོག་ནས་ལྟད་མོ་བ་ཆེས་མང་བའི་སྐད་སྒྲའི་ཁྲོད་མཛངས་མའི་དབུ་རྒྱན་གཡོགས་པ་དང། མོས་མ་འོངས་པར་མུ་མཐུད་སློབ་སྦྱོང་བྱས་ནས་མི་ཡག་པོ་ཞིག་ཆགས་ཐུབ་པ་བྱེད་རྒྱུ་མ་ཟད། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་བྱེད་ཐུབ་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། འགྲན་རྩོད་དེ་མཇུག་རྫོགས་རྗེས་ལྟད་མོ་བའི་ནང་ནས་ཕོ་གསར་ཁག་ཅིག་གི་བར་འཁྲུག་འཛིང་ཡང་ཤོར་ཡོད་པ་རེད།
གསར་འགོད་པས། ཁྱོད་རང་མཛངས་མའི་འགྲན་སྡུར་ནང་ཞུགས་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་བཅར་འདྲི་བྱས་པར། ང་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་གཞུང་ལ་ཞབས་ཞུ་གང་ཐུབ་ཞུ་བའི་ཆེད་དང༌། ང་རང་གི་རྒྱལ་ཁབ་བོད་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་ཆེད་ཡིན་ཞེས་དང༌། ཁྱོད་རང་ལ་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་རྒྱལ་ཁ་ཐོབ་པས་ཚོར་སྣང་ག་འདྲ་བྱུང་ཞེས་དྲིས་པས། ང་རང་གི་དགེ་རྒན་དང་གྲོགས་པོ་གྲོགས་མོ་ཚང་མས་ཐོབ་མི་ཐོབ་ཀྱི་སྐད་ཆ་མེད་པར་ཁྱོད་རང་འཛུལ་ཞུགས་བྱས་པ་ཙམ་གྱིས་སྤོབས་པ་སྐྱེ་དགོས་པ་ཞིག་རེད་ཅེས་གསུངས་པ་ལ་བརྟེན་ནས། ང་རང་འཛུལ་ཞུགས་བྱས་པ་མ་ཟད། རྒྱལ་ཁ་ཡང་ཐོབ་པས་དགའ་པོ་ཞེ་དྲག་བྱུང་ཞེས་དང༌། མ་འོངས་པར་མུ་མཐུད་སློབ་སྦྱོང་བྱས་ནས་མི་ཡག་པོ་ཞིག་ཆགས་ཐུབ་པ་བྱེད་རྒྱུ་མ་ཟད། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་བྱེད་ཐུབ་མཁན་ཞིག་བྱེད་རྒྱུ་ཡིན། ད་དུང་འཛམ་གླིང་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་དམིགས་ཡུལ་ཡོད། དེ་འདྲ་བྱུང་ན་ང་ཚོ་བོད་ཀྱི་སྙན་གྲགས་ལའང་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་བྱས་སོང༌།
མཛངས་མ་ཨང་གཉིས་པ་དྷར་རྗེ་གླིང་ནས་ཡིན་པ་བུ་མོ་ངག་དབང་ཆོས་དབྱིངས་ལ་ཐོབ་པ་དང༌། བྱ་དགའ་ཧིན་སྒོར་༥༠༠༠༠ དང༌། ཨང་གསུམ་པ་དྷེ་ར་དྷུན་ནས་ཡིན་པ་བུ་མོ་སྒྲོལ་དཀར་ལ་ཐོབ་པ་དང༌། བྱ་དགའ་ཧིན་སྒོར་༢༥༠༠༠ ཨང་བཞི་པ་སྦིར་ནས་ཡིན་པ་བུ་མོ་ཡེ་ཤེས་ལྷ་མོ་ལ་ཐོབ་པ་དང༌། བྱ་དགའ་ཧིན་སྒོར་༥༠༠༠ བཅས་ཀྱི་གསོལ་རས་བསྩལ་ཡོད་པ་རེད།
བོད་ཀྱི་མཛངས་མའི་འགྲན་སྡུར་སྐོར་ལ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསུངས་པ་ལྟར་ན། མཛངས་མའི་འགྲན་སྡུར་སྐོར་ལ་སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་བཤད་མཁན་ཡོད་པ་རེད། རྒྱབ་ཏུ་བཤད་བསྡད་ན་ཡག་པོ་མི་འདུག དེ་ལས་ང་ལ་ཡི་གེ་གཏོང་བ་དང༌། ཡང་ན་ང་ལ་ཐུག་ནས་སྐད་ཆ་བཤད་ན་འགྲིག་གི་རེད་མ་གཏོགས། རྒྱབ་ཏུ་སྐད་ཆ་འདྲ་མིན་བཤད་ནས་གཞོན་སྐྱེས་མང་པོ་ཞིག་འཛུལ་ཞུགས་མི་ཐུབ་པའི་གནས་སྟངས་ཡོང་གི་འདུག་བསམ་གྱི་འདུག་ཅེས་བརྗོད་ཡོད་པ་རེད།
མཛངས་མའི་འགྲན་སྡུར་ནང་ཞུགས་མཁན་བཞི་ལས་བྱུང་མེད་པ་དང། དེ་ཡང་ཧ་ཅང་གི་སློབ་སྦྱོང་མཐོན་པོ་དང། སྒྱུ་རྩལ་དང། རྣམ་པ་སོགས་ཁྱད་དུ་འཕགས་པ་དེ་འདྲ་བྱུང་མེད་ནའང། བོད་ཀྱི་མཛངས་མའི་འགྲན་སྡུར་སྐབས་སྔར་དང་མི་འདྲ་བར་མི་མང་ཧ་ཅང་མང་པོ་འཛོམས་ཡོད་པར་བལྟས་ན། མཛངས་མའི་འགྲན་སྡུར་ལ་མི་མང་གིས་རིམ་བཞིན་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་རྣམ་འགྱུར་ཡང་མངོན་གྱི་ཡོད་པ་རེད།
མཐའ་མའི་མཛངས་མའི་འགྲན་རྩོད་དེ་འགོ་འཛུགས་སྐབས། གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་པ་འདུ་འཛོམས་སར་འཁྲུག་རྩོད་མང་པོ་ཤོར་གྱི་ཡོད་པས། ཚང་མས་གཟབ་གཟབ་བྱས་ནས་འཁྲུག་རྩོད་མ་བྱུང་བ་ཞིག་བྱེད་རོགས་བརྗོད་ཡོད་པ་དང། འགྲན་སྡུར་ཆ་ཚང་མཇུག་རྫོགས་པ་དང། ཉེན་རྟོག་པ་ཚང་མ་དང། ལྟད་མོ་བ་མང་ཆེ་བ་ལོག་ཚར་བའི་མཚམས་སུ་ཟློས་གར་སྒོ་ཆེན་ནང་ནས་ཕོ་གསར་ཁག་ཅིག་འཁྲུག་འཛིང་གི་མགོ་བཙུགས་ཡོད་པ་དང། སྐབས་དེར་མི་མང་གིས་བར་འདུམ་བྱས་ནའང། བར་འདུམ་མཐུབ་པར་ཕོ་གསར་གསུམ་གྱིས་ཕོ་གསར་གཅིག་གི་བར་སྟེང་དུ་རུབ་བརྒྱབ་ནས་རྒྱུན་རིང་མུར་མཛོག་གཞུས་རེས་བྱས་ཡོད་པ་རེད།།