སྤྱི་འཐུས་རྒྱུན་ལས་ཀྱི་འཐུས་ཤོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༣ 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་མཚོན་ན་མི་མང་གི་སྐུ་ཚབ་ཡིན་པ་དང༌། སྤྱི་འཐུས་ཡོངས་རྫོགས་དུས་རྒྱུན་བཞུགས་མི་དགོས་པར་ཆོལ་ཁ་གསུམ་ནས་སྐུ་ཚབ་གཉིས་རེ་དང༌། ཆོས་བརྒྱུད་ལྔ་ནས་སྐུ་ཚབ་གཅིག་རེ་བཅས་ད་ལྟའི་ཆར་སྤྱི་འཐུས་རྒྱུན་ལས་མི་གྲངས་བཅུ་གཅིག་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ལ་མཚོན་ན་དུས་རྒྱུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་དོན་བསྒྲུབ་དགོས་པ་དང༌། གནད་དོན་ཐག་གཅོད་བྱེད་དགོས་པའང་ཧ་ཅང་མང་པོ་ཡོད་པ་རེད། རྒྱུན་ལས་ནས་དུས་རྒྱུན་ཐག་གཅོད་བྱེད་དགོས་པ་ཙམ་དུ་མ་ཟད། སུམ་ཆ་གཉིས་མ་ཚང་ན་ཚོགས་འདུ་ཡང་འཚོག་མི་ཆོག་པས་གྲུབ་ཆ་ཚང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

ལོ་ལྟར་སྤྱི་འཐུས་རྒྱུན་ལས་གསར་རྙིང་བརྗེ་ལེན་དེ་ཕྱི་ཟླ་༦ ཚེས་༡ ཉིན་ཡིན་པ་ལྟར་ལོ་འདིར་ཡང་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་གི་རྒྱུན་ལས་རང་འཇགས་བཞུགས་པ་ཁག་དང༌། རྒྱུན་ལས་གསར་པ་སླེབས་མཁན་རྣམས་གསར་རྙིང་བརྗེ་ལེན་བྱས་ཡོད་པ་རེད། འོན་ཀྱང་རྒྱུན་ལས་གསར་རྙིང་བརྗེས་ནས་ཉིན་བཅུ་བདུན་འདས་ཟིན་ཀྱང་ད་བར་དགེ་ལུགས་པའི་སྐུ་ཚབ་སླེབས་མེད་པ་རེད། རྒྱུན་ལས་ཀྱི་གསལ་བསྒྲགས་ཀྱི་ནང་དུ་ལོ་འདིའི་དགེ་ལུགས་རྒྱུན་ལས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་ཡིན་ཚུལ་འཁོད་ཡོད་ཀྱང༌། རྒྱུན་ལས་སུ་སུ་བཞུགས་མིན་ཁོངས་སོ་སོའི་སྤྱི་འཐུས་རྣམས་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་ལྟར། དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་ཀྱིས་སྐབས་བཅུ་བཞི་པའི་ཐོག་མའི་ལོ་གཉིས་ལ་ཁོང་གིས་རྒྱུན་ལས་གནང་ཟིན་པས་ཕྱི་ལོ་༢༠༠༨ དང་༢༠༠༩ ལོ་གཉིས་ལ་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་གནང་རྒྱུ་དང༌། ༢༠༡༠ ལོར་སླར་ཡང་ཁོང་བཞུགས་རྒྱུ་བཅས་ཁོང་གཉིས་གྲོས་བསྡུར་གྱིས་ཐག་གཅོད་གནང་ཟིན་ལུགས་གསུང་བཞིན་ཡོད་པ་རེད། གང་ལྟར་གོང་དུ་བརྗོད་པ་བཞིན་ད་བར་དགོངས་ཤོག་འབུལ་མཁན་སོགས་སུ་ཡང་མེད་པར་དགེ་ལུགས་པའི་སྤྱི་འཐུས་རྒྱུན་ལས་སུ་ཡང་མེད་པར་ས་མིག་སྟོང་པར་གྱུར་ཡོད་པ་རེད།
    སྤྱི་འཐུས་ཡོངས་རྫོགས་དུས་རྒྱུན་བཞུགས་ཐུབ་ཐབས་མེད་པ་དང༌། གཞུང་གྲོན་ཆེ་བ་སོགས་བཞུགས་ནས་ཕན་ཐོགས་ཀྱང་དེ་ཙམ་མེད་མོད། སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱུན་ལས་ཀྱི་གྲུབ་ཆ་ཚང་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད་པ་རེད། སྤྱིར་དུས་རྒྱུན་རྒྱུན་ལས་སུ་སུ་བཞུགས་དགོས་མིན་ཕྱི་ཟླ་༣ པའི་ནང་ནས་ཐག་གཅོད་ཀྱིས་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་ཀྱང༌། ད་བར་རྒྱུན་ལས་སུ་ཡིན་གཏན་ཁེལ་མེད་པ་དེ་ཚོགས་གཙོ་སྦྲེལ་པོ་དང༌། ཚོགས་དྲུང་ལས་ཁུངས་བཅས་ནས་འཐུས་ཤོར་ཞིག་ལ་ངོས་འཛིན་བྱེད་འོས་པ་ཞིག་རེད། དེ་བཞིན་སྤྱི་འཐུས་ལྷན་ཚོགས་སྤྱི་ཡོངས་ནས་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་ཁག་མང་པོ་ཞིག་ཡོད་པའི་ནང་ནས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གོ་སྒྲིག་བྱེད་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད། ད་བར་ཐེངས་ཁ་ཤས་འཚོགས་པ་དེ་དག་ལ་མཚོན་ན་རེ་རེ་བཞིན་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང༌། སྤྱི་ཡོངས་ནས་རྒྱལ་སྤྱིའི་རང་བཞིན་གྱི་བོད་དོན་དང་འབྲེལ་བའི་ཚོགས་འདུ་གལ་ཆེ་ཤོས་དེ་ཆགས་ཡོད་པ་རེད། ཚོགས་ཆེན་འདིར་མཚོན་ན་རྒྱལ་ཁབ་བརྒྱ་ལྷག་གི་གྲོས་ཚོགས་འཐུས་མི་ཕེབས་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ཀྱང༌། ཚོགས་ཆེན་འདི་འཚོག་རྒྱུར་འགལ་རྐྱེན་གང་མང་ཞིག་འཕྲད་ནས་ད་ལྟའི་བར་གོ་སྒྲིག་གནང་ཐུབ་མེད་པ་རེད། ཐོག་མར་ཨི་ཊ་ལི་རུ་ལོ་གཉིས་ཀྱི་གོང་དུ་འཚོག་རྒྱུ་གཏན་འཁེལ་ཡང༌། གཞུང་གསར་རྙིང་བརྗེ་ལེན་སོགས་ཀྱིས་དཀའ་ངལ་འཕྲད་པ་དང༌། དེ་རྗེས་ཧྤ་རན་སི་ལ་འཚོག་རྒྱུ་གཏན་འཁེལ་ཡང༌། ཨོ་ལིམ་པིག་རྩེད་འགྲན་གྱི་སྔོན་དུ་མ་འཚོགས་ན་ལེགས་པའི་དགོངས་ཚུལ་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཡོད། རྒྱུན་ལས་ནས་དེར་འགྱུར་བ་གཏོང་ཐབས་མེད་པའི་ལན་འདེབས་གནང་ཡོད་མོད། རྗེས་སུ་སྐུ་སྒེར་ཡིག་ཚང་ནས་ཀྱང་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་པ་བཞིན་ཚོགས་འདུ་ཕྱིར་འགྱང་དགོས་པའི་བཀའ་ཕེབས་པར་བརྟེན་ཕྱིར་འགྱང་གནང་དགོས་བྱུང་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་ལ་བརྟེན་ནས་གང་ལྟར་ཚོགས་གཙོ་སྔ་རྗེས་གཉིས་ཀྱིས་ལོ་གསུམ་ལྷག་གི་རིང་ཨི་ཊ་ལི་དང༌། ཧྤ་རན་སི་བཅས་སུ་ཚོགས་གཙོ་ཚོགས་གཞོན་རྣམས་ཐེངས་གང་མང་ཕེབས་ཀྱང་ད་དུང་ཚོགས་འདུ་དེ་གོ་སྒྲིག་གནང་ཐུབ་མེད་པ་ནི། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལས་དོན་འཐུས་ཤོར་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།