མཛངས་མའི་འགྲན་སྡུར་ལས་འཕྲོས་པའི་གཏམ།

ཀུན་ཁྱབ་དཔལ་བཟང།   དྷ་ས།
རང་ཉིད་ན་གཞོན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་མཛངས་མའི་འགྲན་སྡུར་ལྟ་བུ་ལ་འགྲོ་རྒྱུར་སྤྲོ་བ་ཆེས་ཟབ་ནའང། སྐབས་འདིའི་ཉིན་མཐའ་མའི་འགྲན་སྡུར་ལ་འགྲོ་མ་ཐུབ་པས་ཕྱི་ཉིན་ཕྱི་རྒྱལ་གྱི་གསར་ལམ་ཁག་ཏུ་ཞིབ་ལྟ་ཞིག་བྱེད་སྐབས། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སྲོལ་རྒྱུན་ལ་མཁྲེགས་འཛིན་ཅན་ཞིག་ཡིན་པ་དང༌། ན་གཞོན་བུད་མེད་རྣམས་བོད་ཀྱི་མཛངས་མའི་འགྲན་སྡུར་ཞེས་པའི་ནང་ཞུགས་པར་ཞེད་སྣང་བྱེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག    སྤྱིར་རང་རེའི་བཙན་བྱོལ་བོད་ཀྱི་མཛངས་མའི་འགྲན་སྡུར་ཐོག་འཕྲལ་ཕུགས་ཀྱི་ཕན་འབྲས་ལེགས་ཉེས་དུས་ཐོག་དུ་མཐོང་བ་ཅུང་དཀའ་ནའང། རྒྱལ་ཁབ་གཞན་དང་དུས་རབས་འདིའི་འགྲོས་དང་བསྟུན་ནས་མྱོང་ཚུལ་ཞིག་བརྗོད་ན། ཁ་སང་ལྟ་བུའི་བོད་ཀྱི་མཛངས་མའི་འགྲན་སྡུར་སྐབས། འཛམ་བུ་གླིང་ནང་འུ་ཅག་བོད་པ་ཚོར་བལྟ་བཞིན་པའི་དུས་ཤིག་རེད་ལ་ང་ཚོ་གངས་ཅན་པ་ཚོས་ཀྱང་རྒྱལ་ཁབ་གཞན་རྣམས་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་ཐབས་བྱེད་པའི་དུས་ཚིགས་གཞན་ཞིག་ཀྱང་རེད།

དུས་སྐབས་དེར་ང་ཚོ་བོད་མི་ཚོས་ངེས་པར་དུ་སྔོན་ཐོན་གྱི་ཀུན་སྤྱོད་དང་བསམ་བློའི་འཁྱེར་སོ་སྤྱི་ཚོགས་ལ་མིང་རྗེས་མི་ཡོང་བའི་འགན་ཁུར་དགོས་ལ་འདས་པའི་ལོ་རྒྱུས་དང་འབྱུང་འགྱུར་གྱི་རྐང་ལམ་ལ་ཕུགས་རྒྱང་རིང་པོས་མི་རིགས་ཀྱི་བསམ་བློ་དང་མཐུན་པའི་དུས་རབས་དང་དགོས་མཁོ་ལའང་འགྲན་རྩོད་བྱེད་དགོས་པ་གལ་གནད་དུ་མཐོང།
    སྤྱིར་བོད་ཀྱི་མཛངས་མའི་འགྲན་སྡུར་ལ་མཚོན་ནའང༌། དྷ་རམ་ས་ལའི་མཛངས་མ་འགྲན་སྡུར་རམ། བློ་བཟང་དབང་རྒྱལ་གྱི་མཛངས་མ་འགྲན་སྡུར་ཞེས་བརྗོད་མཁན་ཡོད་ཀྱང་དོན་དུ་བོད་ཀྱི་བུད་མེད་རྣམས་རྒྱལ་སྤྱིའི་སྡིངས་ཆར་འགྲོ་བའི་ལམ་སྣེ་ཞིག་ཀྱང་མ་རེད་ཅེས་བརྗོད་ཐབས་མེད། བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་བྱེད་སྟངས་ལ་གཞིགས་ནའང་ཐམས་ཅད་ལད་མོ་བྱས་ན་ཀླད་མེད་ཡིན་ཞེས་པའི་དཔེ་བཞིན་རང་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་ལམ་ལུགས་ཤིག་ཏུ་འགྲོ་ཐུབ་ཐབས་དང། གོ་སྒྲིག་པའི་སྒྲིག་འཛུགས་ཚད་ལྡན་དགོས་པའང་གལ་ཆེན་པོ་རེད། འདས་པའི་ཉམས་མྱོང་ལ་སློབ་སྤྱོང་བྱེད་མཁན་ཞིག་ཡིན་ན་ང་ཚོའི་མི་རབས་གོང་མ་དག་གིས་སྲིད་ཕྱོགས་ནས་བོད་ཀྱི་གཞུང་ཚབ་ཅིག་ཀྱང་འཛུགས་མ་ཐུབ་པ་མ་ཟད། རྒྱལ་ཁབ་གཞན་དང་འདྲ་མཉམ་གྱི་འགྲན་སྡུར་དང་ཚོགས་འདུ་ཚོགས་སར་མཉམ་ཞུགས་བྱེད་མ་ཐུབ་པའི་འཐུས་ཤོར་ཕྱིན་ཡོད་པ་ནི་ད་ཆ་རང་ཡུལ་རྩོད་ལེན་ཆེད་འཐབ་རྩོད་བྱེད་སྐབས་གནོང་འགྱོད་ཀྱི་གནས་སུ་གྱུར་ཡོད། དེའི་སྟབས་ཀྱིས་ང་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་ངེས་པར་བསམ་བློ་ལྡོག་ཕྱོགས་དང་མཐུན་ཕྱོགས་གཉིས་ཀ་ནས་གཏོང་དགོས་པ་གལ་ཆེན་པོ་རེད། ད་ཆ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་ལྟ་བ་མཁྲེགས་པའི་སྤྱི་ཚོགས་ཁྲོད་ཀྱི་སྙིང་སྟོབས་ཅན་གྱི་བོད་ཀྱི་བུད་མེད་བཞི་ཞེས་འགྲེལ་བརྗོད་བྱེད་སྐབས་བོད་མི་ཞིག་ཡིན་དུས་རི་བོང་རྡོ་རྫུས་ལྟར་མ་བསྡད་པར་ཚང་མས་བསམ་གཞིག་བྱེད་དགོས་པ་རེད།
    སྤྱིར་འཛམ་གླིང་གི་ལོ་རྒྱུས་ལ་ཕྱིར་བལྟས་བྱེད་སྐབས་བསམ་བློ་གསར་རྙིང་གི་འཐབ་རྩོད་ནི་སྤྱིར་བཏང་བ་ཞིག་ཡིན་ནའང་ང་ཚོས་རྣམ་དཔྱོད་ལྡན་པའི་ཐོག་ནས་སྙིགས་དོར་བཅུད་ལེན་བྱེད་དགོས་པ་རེད། འཛམ་གླིང་གི་མཛེས་མ་འགྲན་སྡུར་ལ་མཚོན་ནའང། འགྲན་སྡུར་ཐེངས་དང་པོ་དེ་༡༩༥༡ ལོར་དབྱིན་ཡུལ་དུ་འཚོགས་པ་དང། སྐབས་དེར་ལུང་པ་༢༦ ཙམ་ལས་འཛུལ་ཞུགས་མ་ཐུབ་པ་མ་ཟད།  སྐབས་དེའི་འགྲན་སྡུར་དེར་དགའ་མཁན་སྤྱི་ཚོགས་ནང་ཉུང་ཤས་ཡིན། འོན་ཀྱང་འགྲན་སྡུར་འདི་ལྟ་བུ་ནི་དོ་སྣང་བྱེད་སའི་ལས་གཞི་ཞིག་ཡིན་པས། ལོ་རེ་བཞིན་འཛུལ་ཞུགས་བྱེད་མཁན་རྒྱལ་ཁབ་ཇེ་མང་དུ་ཕྱིན་ནས་རིམ་པས་འཇིག་རྟེན་མཛེས་མ་དང༌། སའི་གོ་ལའི་མཛེས་མ། ཡུལ་སྐོར་མཛེས་མ། ནུབ་ཕྱོགས་ཀྱི་མཛེས་མ། ཨེ་ཤ་ཡའི་མཛེས་མ། རྒྱལ་སྤྱིའི་མཛེས་མ་སོགས་འགྲན་སྡུར་གྱི་རྣམ་གྲངས་ཀྱང་ཇེ་མང་དུ་སོང་བ་རེད། རྒྱ་གར་ཡང་ཕྱི་ལོ་༡༩༥༣ལོར་འཇིག་རྟེན་མཛེས་མའི་འགྲན་སྡུར་ནང་ཞུགས་པ་དང། ཕྱི་ལོ་༡༩༥༩ ལོར་འཛམ་གླིང་མཛེས་མའི་འགྲན་སྡུར་ནང་ཞུགས་ཡོད་ལ། སྤྱི་ཚོགས་མང་ཆེ་བས་འགྲན་སྡུར་དེར་རྣམ་འགྱུར་ཧ་ཅང་སྡུག་ཀྱང་ད་ལྟ་ཚང་མས་རྒྱབ་སྐྱོར་དང་དགའ་མོས་བྱེད་ཀྱི་ཡོད། ང་ཚོས་དེ་དག་ནས་ལེགས་སྤེལ་ཉེས་འགོག་བྱེད་དགོས་པ་ནི་གནད་འགག་ཅིག་རེད། དེ་བཞིན་ལོ་འདིའི་ཕྱི་ཟླ་༡༢ ཚེས་༡༢ ཉིན་གྱི་འཛམ་གླིང་མཛེས་མའི་འགྲན་སྡུར་ཐེངས་༥༩ པའི་ནང་ལུང་པ་༡༨༧ཙམ་གྱིས་འགྲན་རྩོད་ཆེད་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ད་དུང་ཡང་འབྱུང་འགྱུར་༢༠༡༠ ལོའི་འཛམ་གླིང་མཛེས་མའི་འགྲན་སྡུར་ཐེངས་༦༠ པ་དེ་ཨེ་ཤ་ཡའི་རྒྱལ་ཁབ་ཝི་ཏི་ནཱམ་དུ་འཚོག་རྒྱུ་ཡིན་པས་བོད་ཀྱི་མཛངས་མའི་འགྲན་སྡུར་ཞེས་དྷ་རམ་ས་ལར་ཚོགས་ཐུབ་ཙམ་མིན་པར་འགྲན་སྡུར་དེ་ཚོར་ཞུགས་ཐུབ་ན་མིང་དོན་མཚུངས་པ་རེད།  མ་ཟད་ང་ཚོའི་གནས་སྟངས་ལ་འགྱུར་ལྡོག་ཇེ་ཆེར་འགྲོ་བཞིན་པས་ད་ལྟ་ང་ཚོར་རྒྱལ་ཁབ་མེད་ཀྱང་རྒྱལ་ཁབ་གཞན་གྱི་འགྲན་སྡུར་ཁྲོད་འཛུལ་ཞུགས་དང། འགྲན་རྩོད་ཀྱི་གོམ་པ་སྤོ་གང་ཐུབ་བྱེད་དགོས། དེའི་ཕྱིར་ང་ཚོས་སྤྱི་དོན་འགན་ཁུར་གྱིས་བསམ་གཞིག་ནན་མོ་བྱས་ནས། ནམ་ཡང་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་དང་དུས་རབས་གསར་པའི་བོད་པ་ཞིག་ཆགས་རྒྱུར་ཚང་མར་འགན་ཡོད་པ་ཞིག་རེད། སྐབས་བདུན་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱི་ངོས་ནས་ཀྱང་འབྱུང་འགྱུར་འཛམ་གླིང་གི་མཛེས་མའི་འགྲན་སྡུར་ནང་ཞུགས་ཐུབ་མིན་ལ་མ་ལྟོས་པར་གྲ་སྒྲིག་ད་ལྟ་ནས་བྱེད་དགོས། ཡང་གྲོགས་པོ་ཁག་ཅིག་གིས་མཛེས་མའི་འགྲན་སྡུར་འདིར་མཛངས་མ་བརྗོད་ན་མི་འགྲིག་སྟེ་མཛེས་མའི་མིང་གི་ཐོབ་ཐང་ལས་མེད་ཚུལ་རྩོད་གླེང་བྱས་སོང་བས། དེ་ནི་མཛེས་མའི་ཡོན་ཏན་བརྒྱད་དང་མཛངས་མའི་ཡོན་ཏན་བརྒྱད་ཅེས་པ་གོ་དོན་གཅིག་ཡིན་མིན་ལའང་བཞེད་ཚུལ་མི་འདྲ་བ་ཡོད་པས་ཡིན་སྲིད་ཀྱང། སྐབས་འདིའི་འགྲན་སྡུར་ནི་གཞོན་ནུ་མའི་ཡོན་ཏན་དང་སྐྱེས་གཟུགས་འགྲན་སྡུར་ཞིག་ཡིན་པས་སྲོལ་རྒྱུན་གྱི་མཛངས་མའི་ཁྱད་ཆོས་ཚང་མ་འདིར་སྤུངས་ན་འོས་བབ་མེད་སྙམ། འོ་ན་མཛངས་མའམ་མཛེས་མ་ཞེས་ངོས་འཛིན་གང་འདྲ་ཞིག་དགོས་སམ་ཞེ་ན། རང་རེའི་རིག་པའི་ཁྱུ་མཆོག་ས་པཎ་མཆོག་གིས།
རིགས་གཟུགས་ལང་ཚོ་ལྡན་ན་ཡང།།
ཡོན་ཏན་མེད་ན་མཛེས་མ་ཡིན།། ཞེས་གསུངས་པ་ནི་ང་ཚོས་མཛེས་སྡུག་ལ་ལྟ་ཚུལ་ཞིག་ཡིན་པ་རེད། འཛམ་གླིང་གི་མཛེས་མ་ཟེར་དུས་ཀྱང། ཕྱི་ནང་གཉིས་ཀའི་མཛེས་པའི་ཡོན་ཏན་ཚང་བའི་བུད་མེད་ལ་གོ་བ་ལས་ཕྱི་ཚུལ་པགས་པའི་མཛེས་ཆོས་ཙམ་ལ་གོ་ཡི་མེད། དེ་ནི་འཛམ་གླིང་གི་མཛེས་མའི་འགྲན་སྡུར་སྐབས་སུའང་མཚོ་འགྲམ་གྱི་མཛེས་མ་དང། མི་གཞིའི་མཛེས་མ། དཔེ་སྟོན་མཛེས་མ། རྩེད་མོའི་མཛེས་མ། ནུས་རྩལ་གྱི་མཛེས་མ། ཕུགས་བསམ་ལྡན་པའི་མཛེས་མ། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མཛེས་མ། འགྲན་སྡུར་པས་འོས་འདེམས་བྱས་པའི་མཛེས་མ་བཅས་རིམ་པ་མང་པོ་ཡོད་པས། དེང་སང་འཛམ་གླིང་སྟེང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་སའི་འགྲན་སྡུར་མཆོག་ཏུ་གྱུར་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དཔེར་ན་ཕྱི་ལོ་༢༠༠༡ ལོར་ཨ་ཧྥི་རི་ཁའི་མི་རིགས་ནག་པོའི་བུད་མེད་ཨག་བྷ་ནི་དཱ་རེ་གཱོ་ལ་འཛམ་གླིང་གི་མཛེས་མའི་དབུ་རྒྱན་ཐོབ་ཡོད་ཀྱང། ཕྱི་ཚུལ་གྱི་རྣམ་པ་མོ་རང་ལས་མཛེས་པ་གྲངས་མང་ནའང་རྣམ་དཔྱོད་དང་ཕུགས་བསམ་འཇོན་ཐང་སོགས་ཀྱིས་ཀུན་ལས་རྣམ་པར་རྒྱལ་བས་མཛེས་མའམ་མཛངས་མ་ཞེས་འགྲན་སྡུར་ཁྲོད་རྩེ་ཕུད་དུ་གྱུར་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།