ད་ནས་ང་ཚོ་བོད་ཡིག་དྲ་ལམ་ནས་འཛོམས་རྒྱུའི་ཁ་ཆད་བྱེད།

 རྫ་ཆུ་ཁ་བ་ཚེ་རིང་བཀྲ་ཤིས།
ཆ་འཕྲིན་ལག་རྩལ་དྲ་བ་ལ་རྒྱུས་མངའ་དང་མྱོང་གོམས་ཞན་པ་ཞིག་ལ་མཚོན་ན།  བརྡ་འཕྲིན་དང་གློག་ལམ་གྱི་བྱ་གཞག་རེ་རེ་ནི་ངོ་མཚར་དང་རྫུ་འཕྲུལ་གྱི་གསང་བ་ལྟ་བུ་ཞིག་ཡིན་ནའང༌། གལ་ཏེ་རང་ཉིད་ཀྱིས་མཐེབ་གཞོང་གི་མཛུབ་གནོན་དག་གནོན་ཙམ་དང།  ཙི་ཙི་ཡིས་སྐུལ་བའི་མདའ་རྩེ་དེ་འགུལ་ཙམ་བྱས་ནའང་ཡིད་ཆེས་པར་དཀའ་བའི་ངོ་མཚར་གྱི་གསང་བ་འབུམ་ཕྲག་དབང་ཡུལ་དུ་འདྲེན་གྱི་ཡོད་པ་དེ་བདེན་པ་རེད། དེའི་ཕྱིར་’ལོ་གཞོན་ཐེ་ཝན་ལ་སྤྲིངས་པའི་འཕྲིན་ཡིག་ཅེས་’པར་རྩོམ་པ་པོས་རང་གི་བུར། “ཁྱོད་ལ་མཚོན་ན་གྲོང་གསེབ་ཏུ་ཡོད་པའི་རང་གི་རྨོ་མོའི་ནང་ལས་ཀྱང་རྒྱང་ཐག་རིང་བའི་ཁེ་ན་ཌའི་ལུང་པའི་གྲོགས་པོ་དེ་ཁྱོད་དང་ཉེ་སར་ཡོད་པ་ལྟ་བུ་རེད།” ཅེས་བརྡ་འཕྲིན་གྱིས་འཛམ་གླིང་གཅིག་གྱུར་བྱེད་བཞིན་པའི་སྣང་ཚུལ་གྱི་དཔེ་མཚོན་དུ་བཤད་པ་རེད།

    ད་ནི་ང་ཚོའང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ནས་ལམ་ཁ་འདིར་སླེབས་པ་རེད་ལ་གབ་ས་དང་གཡོལ་ས་གང་ཡང་མེད་པར་ལམ་ཁ་འདི་ནས་འགྲོ་རྒྱུ་རེད། འོ་ན་ང་ཚོ་ཇི་ལྟར་འགྲོ་དགོས་སམ།  
ཉེ་ཆར་ང་ཚོས་རྨི་ལམ་དུའང་ཡིད་ལ་འཁོར་བའི་བོད་ཡིག་བརྡ་འཕྲིན་ཅན་དུ་ཕྱོགས་པའི་གོམ་སྟབས་ལ་ལོ་རྒྱུས་རང་བཞིན་དང་ཐོད་བརྒལ་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཆ་འཕྲིན་དྲ་བའི་སྒེའུ་ཁུང་དུ་དབྱངས་གསལ་སོ་བཞིའི་ཡིག་འབྲུ་དག་ཅུང་འཐུས་སྒོ་ཚང་བའི་ཐོག་ནས་རྒྱལ་སྤྱིའི་རྒྱ་ཁྱབ་དྲ་གནས་སོགས་སུ་བཀོལ་ཐུབ་པའི་ཉིན་མོ་འདི་དག་ལ་ངས་ཀྱང་དུས་ཚོད་དང་ཆ་རྐྱེན་ཡོད་ཚད་ཀྱིས་བོད་ཡིག་གི་དྲ་ངོས་དེ་དག་ཉུལ་བ་ནི་རང་ཉིད་ཀྱི་མི་ཚེའི་ནང་གི་སྤྲོ་སྣང་ཆེན་པོ་ཞིག་ཏུ་བརྩིས་ཡོད་ལ། ཏག་ཏག་སྐབས་འདིར་ངའི་གཅེན་པོ་ཞིག་གིས། ངའི་མྱུར་འཕྲིན་ཁ་བྱང་བརྒྱུད་བཏང་བའི་ཆེས་ཐོག་མའི་བོད་ཡིག་ཐད་གཏོང་གི་མྱུར་འཕྲིན་ཞིག་གླིང་ཆེན་ཨ་མི་རི་ཁའི་ས་གཞི་ཆེན་མོ་ནས་ངའི་མིག་ལམ་དུ་བསྟར།    ད་ནས་ངའི་མྱུར་འཕྲིན་ནང་གི་ངའི་ཡིག་སྒམ་(inbox)དུ་བཀྲ་ཤིས་བདེ་ལེགས་ཞེས་པའི་ཡི་གེ་འདི་ཡང་ཡང་སླེབས་ངེས་ལ། ངས་རྒྱ་ཁྱབ་དྲ་གནས་ཀྱི་བོད་ཡིག་གི་དྲ་རྒྱ་དག་གི་དྲ་གྲོགས་ཚོར་དྭངས་གཙང་སེམས་ཀྱི་འཚམས་འདྲིའང་ཡང་ནས་ཡང་དུ་ཞུ་ངེས། འདི་ནི་དོན་ངོ་མར་རྒྱལ་སྤྱིའི་གཅིག་གྱུར་ཨང་བསྒྲིགས་གཞིར་བཟུང་གིས་བཟོས་པའི་ད་ཡོད་བོད་ཡིག་མཉེན་ཆས་ལེགས་ཤོས་སྨོན་ལམ་བོད་ཡིག་གསུམ་པའི་བཀའ་དྲྀན་རེད། ང་ཚོ་ཅི་ཞིག་གིས་སྐོམ་གྱི་ཡོད་པ་དེ་འདྲ་ན་ཡང༌། རང་གི་སྐོམ་པ་རང་གིས་སེལ་ཐུབ་མིན་དེ་ང་ཚོ་དང་ཁོང་གི་ཁྱད་པར་རེད། འོན་ཀྱང་སྐབས་འདིར་ངས་རང་ཉིད་ལ་འཁང་ར་བྱེད་རྒྱུ་བཞག་ནས་ང་ཚོར་ཐོབ་ཟིན་པའི་ཁྲོམ་ར་འདི་ཇི་ལྟར་བེད་སྤྱོད་གཏོང་རྒྱུའི་སྐོར་ལ་བསམ་བློ་གཏོང་རྒྱུ་ཙམ་ཡིན། ཤེས་གསལ་ལྟར་ན། སྨོན་ལམ་བོད་ཡིག་གསུམ་པ་ཐོན་ནས་ཡུན་རིང་མ་སོང་བར་གཞིས་བྱེས་ཀྱི་ལས་ཁུངས་དང་ཚོགས་སྡེ། མི་བུ་སྒེར་བཅས་ནས་དང་ལེན་དང་བསྔགས་བརྗོད། དོ་སྣང་བཅས་ཚད་མཐོན་པོ་བྱས་ཡོད་ལ། ྋགོང་ས་མཆོག་གིས་མཉེན་ཆས་དེ་དབུ་འབྱེད་གནང་ཞིང། བསྔགས་བརྗོད་ཀྱི་བཀའ་སློབ་ཕེབས། བོད་ཕྱི་ཙམ་མ་ཟད་བོད་ནང་གི་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་རྒྱ་སོགས་སུའང་མཉེན་ཆས་འདི་ཉིད་ཀྱི་སྐོར་འཁོད་ཡོད། དེ་བཞིན་མཉེན་ཆས་བཟོ་མཁན་ངོ་མས་དྷ་སར་མཉེན་ཆས་བེད་སྤྱོད་གཏོང་ཕྱོགས་སྐོར་གྱི་ཟབ་སྦྱོང་སྤྲད་པའི་དུས་དེ་ནས་བཟུང་བཙན་བྱོལ་ནང་གི་བོད་ཡིག་ཚགས་པར་གྲགས་ཅན་བང་ཆེན་དང། དུས་བབ་གཉིས་ཀྱིས་ཡིག་གཟུགས་འདི་ཉིད་བེད་སྤྱོད་བཏང་བ་སོགས་ནི་སྐུལ་འདེད་ཀྱི་ནུས་པ་ལྡན་པའི་ལག་ལེན་ཞིག་ཏུ་ངོས་འཛིན་ཞུ་ཆོག
    ངས་ཉིན་འདི་དག་གི་རིང་ངང་རྒྱུད་རིང་བའི་འབྲེལ་ཡོད་རྣམས་ཀྱི་ལམ་སྟོན་དང༌། སྨོན་ལམ་དྲ་ངོས་ཀྱི་རོགས་སྐྱོར་ཡིག་ཆའི་ནག་པོ་འགྲོ་ཤེས་ཀྱི་འབྲུ་དོན་བཞིན་སྒེའུ་ཁུང་གསར་རྙིང་སོ་སོར་དགོས་ངེས་ཀྱི་མ་ལག་དང་བཅས་པའི་སྨོན་ལམ་བོད་ཡིག་གསུམ་པ་དེ་ང་ཚོའི་གཞིས་གྲོང་གི་དྲ་ཁང་དང་སྒེར་དང་དགོན་པའི་རྩིས་འཁོར་ཚུན་ཆད་ལ་དངོས་བརྒྱུད་གཉིས་ནས་འཇུག་ཐབས་བྱས་ཤིང༌། ཆོས་ར་གཅིག་པའི་སློབ་གྲོགས་དང་འབྲེལ་བ་ཡོད་པའི་གྲོགས་པོ་དོ་སྣང་ཅན་ཚོར་ཡང་ཐུགས་སྣང་ཡོང་བའི་གསལ་བཤད་དང་སྐུལ་མ་བྱས་པ་ཡིན། འོན་ཀྱང་ཕ་ཡུལ་ལ་མཚོན་ན། ཁམས་ཕྱོགས་གཙོས་པའི་ས་ཆ་མང་པོ་ཞིག་གི་རྩིས་འཁོར་གྱི་རྒྱུན་ཤེས་ཕྲ་མོའང་ང་ཚོ་ལས་དམན་པ་ཡིན་མཁན་ཆེས་མང་བས། ཤེས་ཡོན་གྱི་ཚད་བཀག་ཁྲོད་ད་དུང་བརྡ་འཕྲིན་གྱི་གྲུབ་འབྲས་འདི་དག་བེད་སྤྱོད་བྱེད་རྒྱུར་བར་ཐག་རིང་ཙམ་འདུག་ལ།  བཙན་བྱོལ་གྱི་གཞོན་སྐྱེས་བརྡ་འཕྲིན་གྱི་རྒྱུན་ཤེས་ལ་དཀའ་ངལ་མེད་པ་དག་གི་ཁྲོད་ན་ནི་བོད་ཡིག་གི་འཁོར་རྒྱུག་ཧ་ཅང་ཉམ་ཆུང་དུ་གྱུར་སྟབས་དེར་ཡང་དཀའ་ངལ་ཅི་བས་ཆེ་ཞིང༌།
    བོད་ཡིག་དང་བོད་ཀྱི་རིག་གཞུང་གི་ཁོར་ཡུག་ཡག་ཤོས་གྲྭ་ས་ཆེན་པོ་ཁག་ཕལ་ཆེ་བར་དམིགས་བསལ་བརྡ་འཕྲིན་བཀག་སྡོམ་ཅན་གྱི་ས་ཁུལ་ཡོད་པས་དེ་ན་ཡང་དཀའ་ངལ་དེ་བས་ཆེ་བ་འདུག འོན་ཀྱང། ང་ཚོས་གཅིག་ནས་བཅུ་དང༌།  བཅུ་ནས་བརྒྱ་ཟེར་བའི་ལྟ་ཚུལ་དང་བྱེད་ཐབས་སྤྱད་དེ་རང་ནུས་གང་ཡོད་ཀྱིས་ལེགས་སྐྱེས་འབུལ་དགོས་པས་འདི་ནས་བོད་ཡིག་དྲ་གནས་སུ་འཇུག་པའི་སྐོར་ཆེས་གཞི་རྩའི་བརྡ་སྦྱོར་གྱི་ལམ་ཡིག་འདི་ཁྱེད་ལ་གསལ་འདེབས་ཞུ་རྒྱུ་ཡིན་ལ། འདི་ནི་ཕལ་ཆེར་བོད་ཡིག་དང་བོད་ཡིག་དྲ་རྒྱ་ཟེར་བ་ཞིག་རྩིས་འཕྲུལ་གྱི་ཐོག་ཏུ་ཡོད་མེད་ཙམ་ཡང་མི་ཤེས་པ་ཞིག་གི་ཆེད་དུ་གཙོ་བོར་བྲིས་པ་ཡིན།
༡༽ ཁྱེད་ཀྱིས་www.tibetimes.net འདི་དྲ་རྒྱའི་ཁ་བྱང་འབྲི་སར་བྲིས་རྗེས་མཛུབ་གནོན་Enter ལ་རྡེག་ཙམ་བྱས་ན་དེ་མ་ཐག་ཁྱོད་ཀྱིས་བོད་ཡིག་ཅན་གྱི་དྲ་རྒྱའི་མདུན་ངོས་ཞིག་མིག་ལམ་དུ་འཆར་ངེས་པས་དེ་ནས་མདའ་རྩེ་རང་འགུལ་གྱིས་ལག་མགོའི་དབྱིབས་སུ་འགྱུར་སྐབས་ཙི་ཙི་ཡི་འཕར་འཛིན་གནོན་ཙམ་བྱས་ན་ནང་དོན་རྣམས་ཀློག་ཐུབ།
༢༽ ཡང་ཁྱོད་ཀྱིས་www.monlambodyig.com དང་tibetexpress.net ལྟ་བུ་སྔར་བཞིན་མནན་ན་སྨོན་ལམ་བོད་ཡིག་གསུམ་པ་དང་དེའི་ནང་འཇུག་བྱེད་ཐབས་ཡོངས་རྫོགས་འཆར་བ་ཡིན།
༣༽ ཁྱོད་ཀྱིས་སྨོན་ལམ་བོད་ཡིག་ནང་འཇུག་བྱེད་སྟངས་དང་བེད་སྤྱོད་གཏོང་སྟངས་ལ་དཀའ་ངལ་འཕྲད་ན་08223258650 སམ་09901940847ལ་ཐད་ཀར་འབྲེལ་བ་བྱས་ན་ལམ་སྟོན་གནང་ངེས།
༤༽ ཁྱོད་ཀྱིས་མཐེབ་གཞོང་མགྱོགས་ཙམ་གནོན་ཐུབ་ཀྱི་ཡོད་ན་བོད་ཡིག་བླུག་སྟངས་དང་བེད་སྤྱོད་གཏོང་སྟངས་དེ་ཉི་མ་གཅིག་གིས་ཀྱང་ཤེས་ཐུབ།
༥༽ གལ་ཏེ་དབྱིན་ཡིག་གི་ཤེས་ཚད་མེད་ཀྱང་རྩིས་འཕྲུལ་གྱི་སྒོ་འབྱེད་པ་དང་རྒྱག་སྟངས། དེ་ནས་དྲ་རྒྱའི་ནང་འཇུག་དང་ཕྱིར་འབུད་སྐབས་སོགས་ཀྱི་གལ་ཆེའི་ཐ་སྙད་ཉུང་ཤས་ཙམ་ངོས་ཟིན་རྗེས་བོད་ཡིག་ཁོ་ན་གཏོང་ལེན་དང་ཕབ་འབྲི་བྱེད་ཆོག་པས་དཀའ་ངལ་འཕྲད་མི་དགོས།
༦༽ Yahoomaill བརྒྱུད་ཡི་གེ་གཏོང་བ། དྲ་ལམ་ནས་ཁ་བརྡ་བྱེད་པ། དྲ་རྒྱའི་ཐོག་ཏུ་བསམ་ཚུལ་འདོན་པ་ཚང་མ་བོད་ཡིག་ཐོག་བྱེད་ཆོག
༧༽ ད་དུང་དྲ་རྒྱའི་ནང་འཛུལ་གྱི་མིང་དང་གསང་ཚིག་བཟོ་བ་ཙམ་ལ་ཟིན་བྲིས་བཟོ་མི་དགོས་ལ་དེ་ནི་ཤིན་ཏུ་ལས་སླ་པོ་ཞིག་ཡིན་ཡང་མ་ཤེས་ན་གོང་གསལ་ཁ་པར་ཨང་གྲངས་ཐོག་དྲིས་ནའང་འགྲིགས།
༨༽ གལ་ཏེ་ཁྱོད་ལ་བོད་ཡིག་གི་ཤེས་ཚད་རྩོམ་ཡིག་དང་སྙན་ངག་ཅུང་ཟད་འབྲི་ཐུབ་ཙམ་ཡོད་ན་ཁྱོད་བང་ཆེན་དང། དུས་བབ་སོགས་ཀྱི་བོད་ཡིག་དྲ་རྒྱའི་ཟིན་བྲིས་སུ་འཛུལ་ཞུགས་བྱེད་ས་ཡོད།
༩༽ ཟིན་བྲིས་བཟོ་བར་ཚགས་པར་དུ་འཁོད་པའི་ཁ་པར་ཨང་གྲངས་བརྒྱུད་ཁོང་ཚོར་འབྲེལ་བ་བྱས་ན་ཁྱེད་ལ་རོགས་པ་ཆ་ཚང་བྱེད་ངེས་ལ། དེར་ཁྱེད་ཀྱི་པར་དང་ལོ་རྒྱུས་རྩོམ་ཡིག་གང་བཞག་ཀྱང་རིན་མེད་ཡིན་ཞིང༌། ནམ་ཡང་བོད་ཕྱི་ནང་གི་དྲ་རྒྱ་དེར་ལྟ་མཁན་ཚང་མས་ཁྱོད་ཀྱི་རྩོམ་ཡིག་ཀློག་གི་རེད། དགོས་དབང་གིས་ཁྱོད་ཀྱི་པར་མི་འཇོག་པའམ་སྨྱུག་མིང་བེད་སྤྱོད་བཏང་ན་ཡང་འགྲིགས།
    མདོར་ན་ང་ཚོས་ཁ་དང་ལག་པ་འཁོབ་ནས་མི་འདུག་པར་ཡར་ལྟ་མར་ལྟ་དང། ཡར་འདྲི་མར་འདྲི། ཡར་ལས་མར་ལས་ཏོག་ཙམ་བྱས་པ་ཡིན་ན་ད་གཟོད་བོད་ཀྱི་སྐད་ཡིག་འདིའི་སྟེང་ནས་ཀྱང་ཁྱོད་ཀྱིས་ཁྱོད་ཀྱི་སྒེའུ་ཁུང་ཕྱི་ལོག་གི་འཛམ་གླིང་གསར་པ་དེར་ཅི་བདེར་བལྟ་ཆོག འདི་ནི་བོད་ཡིག་ལ་དུང་བ་ཞིག་གི་རྒན་མོ་བསམ་བཟང་གི་སྐད་ཆ་ཙམ་ཡིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།