སྤྱི་ཚོགས་ཀྱི་དོ་སྣང་ཕྲོགས་པའི་སྒྱུ་རྩལ་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༥  
སྤྱིར་སྒྱུ་རྩལ་ནི་མི་རིགས་ཤིག་གི་གསོན་ཤུགས་དང་སྒྱུ་རྩལ་པ་ནི་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག ཡང་ན་སའི་གོ་ལའི་སྣེ་ཁྲིད་པ་རེད་ཅེས་བརྗོད་ཀྱང། གོ་ལ་གཅིག་གྱུར་གྱི་དུས་འདིར་མི་འོས་པ་གང་ཡང་མེད། ཉེ་བའི་ཆར་འཛམ་གླིང་གླུ་གཞས་ཀྱི་རྒྱལ་པོ་ལྟ་བུར་གྱུར་པའི་མེག་ཁལ་རྗེག་སན་གྲོངས་པའི་སྐབས་འཛམ་གླིང་གི་ས་གནས་གང་ས་ནས་མི་ཁྲི་འབུམ་མང་པོས་མྱ་ངན་ཞུས་ཡོད་པ་མ་ཟད། གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན་མི་བཅུ་ཕྲག་ལྷག་ཅིག་གིས་ཁོང་གྲོངས་པའི་མྱ་ངན་ལ་བརྟེན་ནས་རང་སྲོག་བློས་བཏང་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། འདས་པའི་ལོ་རྒྱུས་ཁྲོད་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་ཆོས་ལུགས་སོ་སོའི་བླ་ཆེན་ཁག་ཡིན་མོད། ད་ལྟའི་དུས་འདིར་ཆོས་ལུགས་ཁག་གིས་བླ་ཆེན་ཚོ་ལས་གླུ་བ་གྲགས་ཅན་དང། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན། རྩེད་མོ་བ་གྲགས་ཅན་སོགས་ཀྱིས་འཛམ་གླིང་མི་མང་གི་བསམ་བློའི་ནང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་ནི་སྨོས་མ་དགོས་པ་རེད།

དེར་བརྟེན་སྒྱུ་རྩལ་བ་ནི་མི་རིགས་ཀྱི་སྣེ་ཁྲིད་པ་ལྟ་བུར་གྱུར་ཡོད་པས་སྒྱུ་རྩལ་བ་རྣམས་ཀྱི་ཀུན་སྤྱོད་ནི་སྤྱི་ཚོགས་ནང་མིག་ལྟོས་བྱེད་ཡུལ་དུ་གྱུར་ཡོད། དཔེར་ན་དབྱིན་ཇིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་བྷེ་ཁམ་གྱི་བྱེད་སྟངས་ལ་འཛམ་གླིང་གི་ན་གཞོན་མང་པོ་ཞིག་གིས་ལད་ཟློས་བྱས་ཡོད་པ་དང། ཁོས་མགོ་རིལ་བཟོ་སྐབས་མང་པོ་ཞིག་གི་མགོ་རིལ་བཟོ་བ་ལྟ་བུས་མཚོན་དུས་རྒྱུན་ཁོའི་བྱེད་སྟངས་ལ་དོ་སྣང་བྱས་ནས་བསྒུགས་ཡོད། དེ་བཞིན་གློག་བརྙན་འཁྲབ་སྟོན་པ་རྣམས་ཀྱིས་གློག་བརྙན་ནང་ཐ་མག་འཐེན་པ་ལ་བརྟེན་ནས་སྤྱི་ཚོགས་ནང་ན་གཞོན་ཐ་མག་འཐེན་མཁན་ཧ་ཅང་མང་དུ་འགྲོ་བ་སོགས་ལ་བརྟེན་ནས། རྒྱལ་ཁབ་རེ་ཟུང་ནང་བཀག་འགོག་བྱེད་དགོས་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད། ཐག་ཉེ་ས་ནས་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་ན་གཞོན་མང་པོས་རྒྱ་གར་གྱི་སྲིད་བློན་སུ་ཡིན་མི་ཤེས་ཀྱང། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཚང་མ་ངོ་ཤེས་པ་མ་ཟད། དེ་དག་གི་མི་ཚེའི་ལམ་བུའི་ནང་གི་གནས་ཚུལ་མང་པོ་ཞིག་ཀྱང་རེ་རེ་བཞིན་ཤོད་རྒྱུ་ཡོད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། ད་དུང་རྒྱ་གར་གྱི་གསར་ཤོག་ཀློག་པའི་སྐབས་དང་པོ་གློག་བརྙན་འཁྲབ་སྟོན་པའི་སྐོར་དང་དེ་རིང་གློག་བརྙན་ག་རེ་སྟོན་རྒྱུ་ཡིན་མིན་བཅས་ལ་དོ་སྣང་ཆེན་པོ་བྱེད་པ་ལས། ཆབ་སྲིད་དང་དཔལ་འབྱོར་དམག་དོན་སོགས་ལ་དོ་སྣང་བྱེད་མཁན་ནི་ཧ་ཅང་ཉུང་བ་སོགས་སྒྱུ་རྩལ་དང་སྒྱུ་རྩལ་པ་ནི་ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་ནང་སྣེ་ཁྲིད་ཀྱི་ནུས་པ་ཆེ་ཤོས་སུ་གྱུར་ཡོད་པ་ར་སྤྲོད་གསལ་པོ་བྱུང་བ་རེད།
    བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་སྒྱུ་རྩལ་ཕུལ་བྱུང་གི་ལུང་པ་རྒྱ་གར་དུ་གནས་ཡོད་པ་དང། གླུ་གཞས་དང་གློག་བརྙན་འཁབ་སྟོན་པ་མང་ཤོས་དང། སྒྱུ་རྩལ་པ་མང་ཤོས་ཀྱི་ཁོར་ཡུག་འདི་རུ་གོ་སྐབས་མང་པོ་ཞིག་ཆུད་ཟོས་སུ་སོང་ཡོད། ད་ལྟའི་དུས་འདིར་གླུ་གཞས་ཆེད་མཁས་པ་ཞིག་འཚོལ་དགོས་ན་རྙེད་དཀའ་བ་དང། དེ་བཞིན་རོལ་དབྱངས་དང་གློག་བརྙན་འཁྲབ་སྟོན་པ་སོགས་སྒྱུ་རྩལ་ཕུལ་བྱུང་གི་མི་སྣ་ཧ་ལམ་མེད་པ་འདི་སྟོང་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཆབ་སྲིད་རྐྱང་པ་དྲིལ་བསྒྲགས་བྱེད་པའི་སྐབས་མང་ཚོགས་དཀྱུས་མའི་ནང་དོ་སྣང་སླེབས་རྒྱུ་ཧ་ཅང་དཀའ་ནའང། སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་དྲིལ་བསྒྲགས་བྱས་པ་མིའི་སེམས་ལ་འཇགས་སླ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་ཧ་ཅང་མང་པོ་ཡོད། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྒྱུ་རྩལ་ཡར་རྒྱས་སུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་ཆེ་ཤོས་གཉིས་ཡོད་པ་དང། གཅིག་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྒོར་མོ་ནི་ཡོད་ཚད་ལས་གལ་ཆེ་ཤོས་སུ་བརྩིས་ནས་སྒྱུ་རྩལ་ལས་རིགས་སོགས་ལ་ཆེད་ལས་རིགས་གཅིག་རྐང་འཛིན་བྱེད་མཁན་དཀོན་པ་དང། ཕྱོགས་གཅིག་ནས་གཞུང་གིས་ཀྱང་དེའི་སྟེང་དུ་མཐུན་འགྱུར་རོགས་རམ་གྱིས་མ་འདེང་བ་དང། ཆུང་ས་ནས་རིག་རྩལ་འཁྲབ་སྟོན་ལྟ་བུའི་སྐབས་སུའང་ལས་རིགས་འདི་ལྟ་བུ་ལ་གདེང་འཇོག་གིས་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཕེབས་མཁན་དཀོན་པ། འགྲན་སྡུར་དང་གཟེངས་བསྟོད་སོགས་ལ་བརྟེན་ཡར་རྒྱས་ཀྱི་ལམ་དུ་སྐུལ་འདེད་བྱེད་ཐུབ་མེད་པ་སོགས་ཀྱིས་སྒྱུ་རྩལ་གྱི་ལམ་བུ་ཆེན་པོ་ཞིག་བཤང་ཐུབ་མེད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།