རྒྱ་ནག། འགྲོ་རེས་པུས་མོའི་འཁོར་སོ།

བཀྲ་ལྷ་ཉི་མ་རྡོ་རྗེས་བསྒྱུར།
 
རྩོམ་ཡིག་འདི་ཕྱི་ཟླ་དྲུག་པའི་ཚེས་༡༥ཉིན་དུས་བབ་(TIMES)དུས་དེབ་ནང་སྐུ་ཞབས་སྦེལ་པོའོ་ཝལ་ལགས་ཀྱིས་བྲིས་པ་ཞིག་རེད།
བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དྲག་སྤྱོད་དེས་རང་གི་དེ་སྔའི་མཐུན་ཕྱོགས་དེ་གནས་བཟོད་མི་བདེ་བའི་གནས་ཤིག་ཏུ་བསྐྱལ་བ་རེད། འདས་པའི་ལོ་ཟླའི་ནང་གལ་ཏེ་བྱང་ཀོ་རི་ཡས་རང་གི་ལྟར་སྣང་གི་མཐུན་ཕྱོགས་རྒྱ་ནག་ལ་སུན་གཙེར་བཟོ་བའི་གོམས་གཤིས་ཤིག་རྒྱུན་འབྱམས་བཏང་ཡོད་ན། ད་ལྟ་རྒྱ་ནག་གིས་ཅི་ཞིག་བསམ་བཞིན་ཡོད་དམ།  གང་ཡིན་ཟེར་ན་འདས་པའི་ལོ་ངོ་དྲུག་རིང་རྒྱ་ནག་ནི་“རྒྱལ་ཁབ་དྲུག་གི་གྲོས་མོལ་”ཞེས་པའི་ཚོགས་འདུའི་སྦྱིན་བདག་དང་དེ་གོང་སྤེལ་གཏོང་མཁན་གཙོ་བོ་ཡིན། ཁོང་ཚོའི་དམིགས་ཡུལ་ཁ་གསལ་ཤོས་དེ་ནི་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ལས་འགུལ་དེ་དག་མཚམས་འཇོག་བྱེད་འཇུག་རྒྱུ་དེ་རེད།

    ཕྱི་ཟླ་༤ ཟླ་སྟོད་ལ་བྱང་ཀོ་རི་ཡས་སླར་ཡང་རྒྱང་རིང་སྒྱོགས་རྡོའི་སྒྱོགས་མདེལ་ཞིག་ཚོད་ལྟ་བྱེད་སྐབས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ནང་རྒྱ་ནག་གིས། མེ་ཤུགས་འཕུར་མདའ་དེའི་ནང་འབྲེལ་ལམ་གྱི་སྲུང་སྐར་ཞིག་ལས་མེད་སྟབས་མཉམ་སྦྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཐོག་བཞག་པའི་གྲོས་ཆོད་གཉིས་པོ་དང་ཡོངས་སུ་འགལ་མེད་ཅེས་འགེབས་སྲུང་བྱས་ཡོད།  དེ་ཡང་གྲོས་ཆོད་གཉིས་པོ་ནི། བྱང་ཀོ་རི་ཡ་ནས་རྡུལ་ཕྲན་མཚོན་ཆ་དང་སྒྱོགས་མདེལ་གྱི་ལས་འགུལ་མཚམས་འཇོག་བྱེད་དགོས་ཞེས་པ་དེ་རེད། མཐའ་མའི་གྲུབ་འབྲས་ནི་ནུས་པ་བྲལ་བའི་བདེ་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོའི་མིང་ཐོག་ནས་གསལ་བསྒྲགས་སྤེལ་བ་ཙམ་ཞིག་རེད། འོན་ཀྱང་ཕྱི་ཟླ་༥ ཚེས་༢༥ ཉིན་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་གཞན་ཞིག་བྱས་ཡོད་པ་རེད། རྡུལ་མཚོན་དེ་ནི་བྱང་ཀོ་རི་ཡས་ལོ་གསུམ་ཡར་སྔོན་གྱི་ཐེངས་དང་པོའི་འབར་རྫས་ལས་ལྡབ་ཉི་ཤུས་ཤུགས་ཆེ་བ་ཡོད་པ་རེད། དེ་དང་མཉམ་དུ་སྒྱོགས་མདེལ་འགའ་ཤས་ཡང་ཚོད་ལྟ་བྱས་ཡོད་སྟབས་རྒྱལ་སྤྱིའི་ནང་གཉན་ཕྲང་ཆེ་བའི་དུས་དེ་རང་ལ་བྱང་ཀོ་རི་ཡའི་རྒྱལ་ས་ནས་རྒྱ་ནག་གི་འགོ་ཁྲིད་རྣམས་རྡོ་ལེབ་ཚ་པོའི་སྒང་གི་གྲོག་མ་བཞིན་གནས་བཟོད་མི་བདེ་བ་ཞིག་བཟོས་ཡོད་པ་རེད།
    གནས་ཚུལ་དེའི་ཐོག་ཨ་རིའི་དབུས་གཞུང་གི་སྡེ་ཚན་གཞུང་ཞབས་ཟུར་པ་ད་ཆ་རྒྱལ་ས་ཝ་ཤིན་ཀྲོན་ཧན་རི་ཨལ་ སི་ཀྲིམ་སོན་ལྟེ་གནས་(Henry L. Stimson Center) ནང་ཡོད་པའི་སྐུ་ཞབས་ཨ་ལན་ རོམ་སྦག་Alan Romberg)གིས། “བྱང་ཀོ་རི་ཡའི་རྒྱལ་ས་ནས་རྒྱ་ནག་གི་གདོང་ལ་ཐུ་ལུད་བཏབ་པ་རེད།” ཅེས་བརྗོད་ཡོད། ད་ཆ་མཐོ་ས་སྲིད་འཛིན་ཨོ་བྷ་མ་ནས་དམའ་ས་མི་མང་དཀྱུས་མའི་བར་མི་ཚང་མས་སྐུལ་བཞིན་པའི་དྲི་བ་དེ་ནི་རྒྱ་ནག་གིས་ཀེམ་ཇོང་ཨིལ་གྱི་ལག་ནས་གང་ཞིག་རེ་བ་རྒྱག་གྀ་ཡོད་དམ། གནད་ལ་ཁེལ་བའི་དྲི་བ་ནི་དེ་རང་མ་རེད་དམ། རྒྱ་ནག་གི་དཔོན་རིགས་རྣམས་ནས་བརྗོད་དོན་ལ་རྡུལ་ཕྲན་མཚོན་ཆའི་རྒྱལ་ཁབ་བྱང་ཀོ་རི་ཡ་ནི་ཁོང་ཚོའི་“ཁེ་ཕན་ལྟེ་བ་”དང་ཡོངས་སུ་འགལ་བ་རེད་ཅེས་བརྗོད་ཀྱི་ཡོད། དེ་ལས་ཀྱང་གལ་ཆེ་བའི་དྲི་བ་ཞིག་ནི་དངོས་ཡོད་ཐོག་རྒྱ་ནག་གི་བྱང་ཀོ་རི་ཡའི་ཐོག་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཇི་ཙམ་ཡོད་པ་དང་རྒྱ་ནག་གིས་ཁོང་ཚོའི་ཁེ་ཕན་ལྟེ་བ་དེ་དག་སྲུང་སྐྱོབ་ཆེད་ཆབ་སྲིད་ཀྱི་དང་བ་ཇི་ཙམ་ཡོད་པ་དེ་རེད། གནས་སྟངས་དེར་རྒྱུས་མངའ་ཡག་པོ་ཞིག་ལོན་དགོས་ན་ཐོག་མར་ཕྱིའི་རྒྱལ་ཁབ་ཁག་གིས་དམར་ཤོག་རྒྱལ་ཁབ་དེ་གཉིས་ཀྱིས་རྒྱུན་དུ་སྐྱར་ཟློས་ཡང་ཟློས་བྱེད་པའི་སྐད་ཆ་“སོ་དང་མཆུ་ནང་བཞིན་སྙིང་ཉེ་པོ་ཡོད་”ཅེས་པ་དེ་སྣང་མེད་དུ་སྐྱུར་དགོས་པ་རེད།
    ཡང་ཝ་ཤིང་ཀྲོན་རིགས་དངོས་ཐེབས་རྩ་ཚོགས་པའི་ཉམས་ཞིབ་པ་བགྲེས་པ་དང་ཀོ་རི་ཡའི་ཐོག་ཨ་རིའི་གསང་བའི་ལས་ཁུངས་ཞིབ་འཇུག་སྡེ་ཚན་གྱི་ཚོགས་གཞོན་ཟུར་པ་སྐུ་ཞབས་ལྦརུ་སི་ ལིན་གར་ལགས་ཀྱི་གསུང་དོན། “རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལྟེ་གནས་གཉིས་ཀའི་ངོས་ནས་ཕྱོགས་ཕན་ཚུན་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་རེད།” ཐ་ན་གྲང་དམག་སྐབས་སུ་ཡང་ཀེམ་ཇོང་ཨིལ་གྱི་ཕ་ཀེམ་ཨིལ་སྲོང་གིས་ཨུ་རུ་སུ་དང་རྒྱ་ནག་གཉིས་དབར་རྒྱུན་དུ་འགྲན་རྩོད་སློང་གི་ཡོད་པ་རེད། འོན་ཀྱང་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ནི་རྒྱལ་ཁབ་གཉིས་ཀའི་དྲིལ་བསྒྲགས་ནང་ཕྱོགས་གཉིས་དབར་ཐུན་མོང་གི་དམིགས་ཡུལ་ཡོད་ཅེས་བརྗོད་ཀྱི་ཡོད་པ་ནང་བཞིན་སྔོན་ནས་ད་བར་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་དེ་ཙམ་ཟབ་མོ་བྱུང་མྱོང་མེད། དེ་ནི་དམིགས་ཡུལ་དེ་དག་ལ་རིན་ཐང་ག་ཚོད་ཙམ་སྤྲད་མིན་དང༌། དེ་དང་འབྲེལ་བའི་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་བྱས་པའི་གྱོང་གུད་དེས་རྒྱ་ནག་སུན་གཙེར་བཟོ་ཡི་ཡོད་པ་རེད། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ལ་བྱང་ཀོ་རི་ཡའི་གནད་དོན་ཐད་ལག་ལེན་ཅི་ཞིག་བསྟར་དགོས་མིན་ལ་སེམས་འཚབ་ཡོད་པ་ཇི་བཞིན་པེ་ཅིང་ལ་ཡང་གནད་དོན་དེའི་ཐད་གཅིག་མཚུངས་ཀྱིས་འགལ་ཟླ་ཅན་གྱི་བསམ་ཚུལ་མང་པོ་ཐོན་གྱི་ཡོད་པ་རེད། རྒྱལ་ཁབ་དྲུག་གི་གྲོས་མོལ་ནང་ཐད་ཀར་འབྲེལ་བ་ཡོད་པའི་སྐུ་ཚབ་ཅིག་གིས་གསུང་དོན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་རི་དང་ཉི་ཧོང་དེ་བཞིན་ལྷོ་ཀོ་རི་ཡ་བཅས་ཀྱི་སེམས་འཚབ་ལ་དང་ལེན་བྱེད་འདོད་ཡོད་པ་རེད། འོན་ཀྱང༌། ཕྱོགས་གཞན་དེ་དབང་ཤུགས་ཆེ་བ་དང༌། པེ་ཅིང་ནང་ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་རྒྱ་ནག་དམར་ཤོག་ཚོགས་པའི་སྡེ་ཚན་ཡིན་པ་དང་དེས་བྱང་ཀོ་རི་ཡའི་རྒྱལ་ས་ལ་རྒྱབ་སྐྱོར་བྱ་འདོད་ཡོད་པ་རེད།  དེ་ཡང་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ནང་ཨ་རིའི་གཞུང་ཚབ་ཟུར་པ་ཇཱོན་ སྦོལ་ཀྲོན་གྱིས་བརྗོད་དོན། ཤོག་ཁག་གཉིས་ནས་རྒྱ་ནག་གི་འགོ་ཁྲིད་རྒན་གྲས་རྣམས་ཀྱི་ཐག་ཆོད་ལ་ཤུགས་གནོན་སྤྲོད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་ཁོང་ཚོའི་གནད་འགག་ཏུ་བརྩི་བའི་དམིགས་འབེན་རྣམས་ཡང་ནས་བསྐྱར་དུ་འགྱུར་བ་འགྲོ་བཞིན་པར་སྣང༌།
    དཀའ་རྙོག་དེའི་འབྱུང་ཁུངས་གཙོ་བོ་ནི་རྒྱ་ནག་གིས་བྱང་ཀོ་རི་ཡའི་ད་ལྟའི་ཉམས་གུད་ཅན་གྱི་གནས་སྟངས་དང༌། དེས་ཁོང་ཁྲོ་ཇི་ཙམ་སློང་མིན་ལ་མ་ལྟོས་པར་དེ་གནས་ན་བསམ་པའི་འདོད་མོས་ལས་འབྱུང་གི་ཡོད་པ་རེད།  ཡང་འབྱུང་སྲིད་པའི་དོན་གནད་གཞན་ཞིག་ལ་རྒྱ་ནག་གི་རྒྱབ་ཕྱོགས་སུ་ཡོད་པ་དེ་ནི་ཨ་རི་དང་དཔུང་བསྒྲིགས་པའི་ཆིག་སྒྲིལ་ཅན་གྱི་ཕྱེད་གླིང་ཕྲན་གྱི་ཀོ་རི་ཡའི་རྒྱལ་ཁབ་ཅེས་པ་དེ་རེད། རྒྱ་ནག་གིས་ལོ་མང་པོའི་རིང་བྱང་ཀོ་རི་ཡ་དེ་ཡང་ཤར་འཇར་མན་ནང་བཞིན་གས་ཐོར་ལ་འགྲོ་ཡོང་སྙམ་ནས་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་གང་ཡིན་ཞེ་ན་གནས་ཚུལ་དེས་རྒྱ་ནག་ལ་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀྱི་ཐོག་ནས་གྱོང་གུད་ཡོང་གི་ཡོད་པ་རེད། དེ་ཡང་དཔལ་འབྱོར་གྱི་གྱོང་གུད་ནི་རྒྱ་ནག་གི་ས་མཚམས་ནང་སྐྱབས་བཅོལ་མང་པོ་སླེབས་པ་དང༌།  གཞན་ཡང་ཆབ་སྲིད་ཀྱི་གྱོང་གུད་ནི། མངའ་ཁུལ་ནང་སྔར་ཡོད་བར་གནས་རྒྱལ་ཁབ་དེ་བརླག་འགྲོ་ཡི་ཡོད་པ་དེ་རེད། སྤྱིར་མངའ་ཁུལ་ནང་གནས་པའི་རྒྱལ་ཁབ་ཁག་ཞི་འཇམ་དུ་གནས་ཡོད་ཀྱང་དོན་དངོས་ཐོག་རྒྱལ་ཁབ་ཕན་ཚུན་རྒྱུན་དུ་ཞེ་འཁོན་ཡོད་པ་རེད།  ཡིན་ན་ཡང༌། བྱང་ཀོ་རི་ཡའི་རྒྱལ་ས་ནས་ཉེ་དུས་ཕུང་དཀྲུག་དེས་ད་ཆ་རྒྱ་ནག་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱར་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ནས་ཀེམ་ཇོང་གི་སྲིད་གཞུང་ལ་དཔལ་འབྱོར་གྱི་དམ་བསྒྲགས་བཀའ་ཆད་སྔར་ལས་ལྕི་ཙམ་ཞིག་བཏང་ནས་སྤྱོད་ངན་དེ་དག་བཀག་སྡོམ་བྱེད་ཐུབ་རྒྱུའི་རེ་བ་ཡོད་པ་རེད།
    ཕྱི་ཟླ་༤ ནང་སྒྱོགས་མདེལ་ཚོད་ལྟ་བྱས་རྗེས་བྱང་ཀོ་རི་ཡའི་བཟོ་གྲྭ་གསུམ་ཨ་རིའི་དཔལ་འབྱོར་དམ་བསྒྲགས་བཀའ་ཆད་ཀྱི་ཐོ་གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དམ་བསྒྲགས་བཀའ་ཆད་ཐོ་གཞུང་ནང་ཚུད་པར་༼དེའི་དོན་ནི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་བཟོ་གྲྭ་དེ་གསུམ་དང་ཚོང་འབྲེལ་མི་བྱེད་ཐབས་མེད་ཡིན་པ་རེད༽རྒྱ་ནག་ངོས་ནས་ཐེ་ཇུས་གང་ཡང་བྱས་མེད་པ་རེད།  ཕྱི་འབྲེལ་མི་སྣ་ཁག་གིས་བརྗོད་དོན། ད་ཆ་དཔལ་འབྱོར་བཀའ་ཆད་དེའི་ཁྱབ་ཚད་ཕལ་ཆེར་སྔར་བས་ཇེ་ཆེར་འགྲོ་རྒྱུ་ཡིན་པ་རེད། དེས་ན་རྒྱ་ནག་གིས་བྱང་ཀོ་རི་ཡ་ལ་རྒྱབ་སྐྱོར་བྱེད་རྒྱུ་ངེས་པར་དུ་མཚམས་འཇོག་དགོས་རྒྱུ་མ་ཟད། ཕྱིས་འབྱུང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཐབས་ལམ་གང་ཞིག་ལག་བསྟར་བྱས་རུང་དེ་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ངེས་པར་དུ་བྱེད་དགོས་ངེས་རེད།  ཉེ་ལམ་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཏྲོན་རྒྱལ་ཁབ་དྲུག་གི་གྲོས་མོལ་ནང་བསྐྱར་དུ་གདན་ཞུ་གནང་བ་དེར་བྱང་ཀོ་རི་ཡས་དྲག་ཤུལ་ཆེན་པོས་ཁས་ལེན་མ་བྱས་པ་རེད། རྡུལ་མཚོན་གྱི་ཚོད་ལྟ་བྱས་རྗེས་རྒྱ་ནག་གིས་བྱང་ཀོ་རི་ཡ་དང་ཉོ་ཚོང་ཚང་མ་མཚམས་འཇོག་བྱས་ཡོད་པ་རེད། ཉོ་ཚོང་གི་འབྲེལ་ལམ་བཅད་པ་དེས་བྱང་ཀོ་རི་ཡ་ལ་དཔལ་འབྱོར་གྱི་ན་ཟུག་ཆེན་པོ་སྤྲད་ཡོད་པ་དང་ལྷག་པར་དུ་འབར་རྫས་སྐྱེལ་འདྲེན་ཐོག་དཀའ་ངལ་སྤྲད་ཡོད་པ་རེད།
ད་ནི་རྒྱ་ནག་གིས་བདེན་པ་བདེན་ཐུབ་ཀྱི་ཐོག་ནས་རྡུལ་མཚོན་གྱི་བྱང་ཀོ་རི་ཡིས་རང་གི་ཁེ་ཕན་ལྟེ་བ་དེ་ལ་གནོད་ཀྱི་ཡོད་མེད་ངེས་པར་དུ་ཐག་གཅོད་བྱེད་དགོས་པ་རེད། འཛམ་གླིང་ཡོངས་ཀྱིས་གནད་དོན་དེར་དོ་སྣང་ཆེན་པོས་ལྟ་བཞིན་ཡོད་དུས་རྒྱ་ནག་གིས་ངེས་པར་དུ་དེ་ལྟར་བྱེད་དགོས་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།