གནའ་དེང་གི་ཤེས་ཡོན་ལ་སྦྱངས་བརྩོན་དགོས་པའི་སྐོར།
ྋགོང་ས་མཆོག་གིས་༢༠༠༨ ལོར་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༥
ང་ཚོའི་བོད་དོན་གྱི་གནས་ཚུལ་ལ་ཆ་བཞག་ན་ཡང༌། འཚེ་བ་མེད་པའི་ལམ་ལ་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོར་འཛམ་གླིང་གིས་རྒྱབ་སྐྱོར་ཐོབ་པ་དེའང༌། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་ཡི་ཡོད་པས་རྒྱབ་སྐྱོར་མང་པོ་ཞིག་དེའི་ཐོག་ནས་ཐོབ་ཀྱི་འདུག ཉེ་ཆར་བོད་ནང་གི་གནས་ཚུལ་ལ་བཞག་ན། རྒྱ་ཕྱོགས་ནས་བོད་པས་འཚེ་བ་བྱེད་ཀྱི་འདུག་ཅེས་ཤུགས་ཆེན་པོ་ཤོད་ཀྱི་འདུག དེ་དྲག་གནོན་བྱེད་རྒྱུའི་རྒྱུ་མཚན་ཆགས་ཀྱི་ཡོད་པས་རེད། ང་ཚོས་སྐབས་དེར་འཛམ་གླིང་སྤྱི་ཡོངས་ལ་རེ་སྐུལ་བྱས་ཏེ། བོད་ནང་གི་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱེད་མཁན་མི་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་རོགས་ཞེས་བརྗོད་པ་ཡིན། བོད་ནང་ཟང་ཟིང་བྱུང་བ་དེ་དག་རྒྱ་ཕྱོགས་ནས་ང་ཚོ་རྒྱ་གར་ནས་བསྐུལ་བ་རེད་ཟེར་གྱི་ཡོད་རེད།
དེ་ཚོའི་གྲས་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས། མཐའ་མ་དྷ་རམ་ས་ལ་ཡང་རྒྱ་ནག་གཞུང་གི་ལས་བྱེད་ཞིབ་འཇུག་བྱེད་པར་ཡོང་ན་ང་ཚོས་གྲ་སྒྲིག་ཨང་གསར་ཡིན། ང་ཚོའི་ཡིག་སྣོད་ཁག་ལ་བལྟ་ཆོག་ལ། བོད་ནས་གསར་འབྱོར་ཡོང་མཁན་ལ་ངས་སྐད་ཆ་བཤད་པའི་སྒྲ་འཇུག་གི་འཁོར་ཐག་ཀྱང་ཉན་ཆོག་གི་རེད་ཅེས་ཡོངས་གྲགས་འབོད་སྐུལ་བྱས་པ་ཡིན་ལ། ང་ཚོའི་ངོས་ནས་དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་འཛམ་བུ་གླིང་གིས་ཤེས་པ་ཞིག་དང༌། ང་ཚོ་བོད་པ་ཚོས་ཀྱང་ཤེས་པ་ཞིག་དགོས་ཞེས་བཤད་པ་རེད། ད་ལྟའང་བོད་ནང་ཕྱི་མི་གཏོང་གི་མེད། དེའི་བར་ན་ཁོང་ཚོས་ཧ་ཅང་འཁྲབ་ནས་སྡོད་ཀྱི་འདུག
མི་མང་གི་ངོ་རྒོལ་ཟླ་བ་གསུམ་པའི་ཚེས་བཅུ་ཉིན་ནས་འགོ་ཚུགས་ཡོད་ཀྱང༌། ཚེས་བཅུ་དང༌། བཅུ་གཅིག བཅུ་གཉིས། བཅུ་གསུམ་བཅས་ཀྱི་གནས་ཚུལ་མི་ཤོད་པར། ཚེས་བཅུ་བཞི་ནས་བཤད་ཀྱི་འདུག གོང་གསལ་ཉིན་དེ་དག་གི་ངོ་རྒོལ་དེ་ཕལ་ཆེར་འཚེ་བ་མེད་པ་རེད་འདུག དེ་རྒྱ་ཕྱོགས་ནས་བཤད་ཀྱི་མི་འདུག ཚེས་བཅུ་བཞིའི་ཉིན་མོ་དེར་ཤོད་ཚུལ་གཅིག་ལ། རྒྱ་མི་ཁོ་རང་ཚོས་གཡས་གཡོན་ནས་མི་དེ་འདྲ་དབོར་ནས། དེ་དག་ལ་བོད་ཆས་གཡོགས་ཏེ་ཟང་ཟིང་འཁྲབ་པ་རེད་ཅེས་བརྗོད་ཀྱི་འདུག དཔེར་ན། རྒྱ་ཕྱོགས་ནས་ཟླ་བ་༣ ཚེས་༡༤ དོན་རྐྱེན་ཞེས་མེ་བརྒྱབ་པ་སོགས་ཟང་ཟིང་བྱུང་ལུགས་རྟག་པར་འཕྱར་ཡོང་གི་འདུག དེར་བརྟེན་བོད་པའི་དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན་འཚེ་བ་མེད་པའི་ལམ་ལ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ད་ལྟ་ང་ཚོར་གལ་ཆེན་པོ་གང་འདུག་ཟེར་ན། འཚེ་བ་མེད་པའི་ལམ་ལ་འགྲོ་ཡི་ཡོད་རེད། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་ཡོད་པ་ཡིན་དུས། ཤེས་བྱ་ཡོན་ཏན་གྱི་ཐོག་ནས་བདེན་པ་མཐའ་ལ་འཁྱོལ་བ་ཞིག་བྱེད་དགོས་པ་མ་གཏོགས། ཤེས་བྱ་ཡོན་ཏན་མེད་ན་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པ་བདེན་སར་འཁྱོལ་བ་བྱེད་རྒྱུ་ཁག་པོ་ཡིན། དེར་བརྟེན་དེ་རིང་འདིར་ཡོད་པའི་ཁྱེད་རང་གཞོན་ནུ་ཕོ་མོ་ཚོས་སློབ་སྦྱོང་ལ་ཤུགས་རྒྱག་དགོས་པ་རེད།
བོད་ནང་གི་གནས་ཚུལ་མཐོང་ཡོང་དུས་བོད་མི་རྣམས་དཀའ་ངལ་ཆེན་པོ་དང༌། གནས་སྟངས་དངངས་སྐྲག་གི་འོག་སྡོད་ཀྱི་ཡོད། དཔེར་ན། ཉེ་ཆར་ང་ལ་ཐུག་པའི་བོད་པ་གཅིག་གིས་འདི་ལྟར་ཟེར་བྱུང༌། ང་ལ་ཆ་བཞག་ན་སློབ་སྦྱོང་ཡག་པོ་ཡོད་པ་དང༌། དེ་ལ་གཞིགས་པའི་ཕོགས་ཐོབ་ཀྱང་ཡག་པོ་ཡོད། སྡོད་གནས་ཀྱི་ཁང་པ་ཡང་ཡག་པོ་ཡོད། ཕྲུ་གུ་ཚོ་ཡང་སློབ་གྲྭར་ཚུད་དེ་སློབ་སྦྱོང་བྱེད་བཞིན་ཡོད་པས་རང་སྒེར་གྱི་ངོས་ནས་སེམས་ཁྲལ་བྱེད་དགོས་དོན་རྩ་བ་ནས་མེད། ཡིན་ན་ཡང་ང་རང་བོད་པ་ཞིག་རེད། དེར་བརྟེན་སེམས་ནང་གནོན་མཁན་ཞིག་ཡོད་པ་ལྟ་བུ་ཞིག་གིས་སྐྱིད་པོ་རྩ་བ་ནས་མི་འདུག་ཅེས་མིག་ཆུ་བཏང་ནས་བརྗོད་བྱུང༌། ང་ཚོའི་གནས་སྟངས་ངོ་མ་འདི་རེད།
འོན་ཀྱང་ད་ལྟ་རྒྱ་ནག་གཞུང་གིས་གནས་ཚུལ་འདི་ཤེས་ཀྱི་མི་འདུག བོད་པར་དངུལ་སྤྲད་ཡོད། བོད་པར་ཁང་པ་བརྒྱབ་ཡོད། བོད་པར་དངོས་པོ་ཡར་རྒྱས་ཀྱི་མཐུན་རྐྱེན་སྤྲད་ཡོད། རྒྱ་མིའི་སྒོར་མོ་དུང་ཕྱུར་མང་པོ་འགྲོ་སོང་བཏང་ཡོད་བསམ་པ་ཞིག་མཐོང་གི་འདུག བོད་པ་ཚོའི་སེམས་ནང་ཚོར་བ་གང་འདྲ་ཞིག་ཡོད་པ་དེ་ལ་བསམ་བློ་གཏོང་གི་མི་འདུག བོད་པའི་དཔོན་པོ་རྒྱ་མིས་བྱས་ཏེ་བསྡད་དུས་བོད་པ་ཚོའི་བསམ་བློའི་ནང་མི་བདེ་བ་ཞིག་ཡོང་གི་རེད། བོད་པ་ཚོ་སྨོས་ཅི། དེང་སྐབས་རྒྱ་རིགས་ནང་ཆ་བཞག་ན་ཡང༌། རྒྱ་རིགས་ཤེས་ཡོན་ཅན་ཚོ་རྒྱ་ནག་གཞུང་ཕྱོགས་གཅིག་གིས་བཤད་པའི་གནས་ཚུལ་ལ་ཡིད་ཆེས་མེད་པར། དངོས་ཡོད་བདེན་པའི་གནས་ཚུལ་ཇི་ལྟར་ཡིན། རྒྱ་རིགས་མཁས་པ་མང་པོས་རྩོམ་ཡིག་ཧ་ལས་པ་དེ་འདྲ་བྲིས་འདུག དེ་གང་གིས་བྱུང་བ་རེད་དམ་ཞེ་ན། ཤེས་ཡོན་གྱི་ཐོག་ནས་བྱུང་བ་རེད།
དེ་བཞིན་ང་རང་ཚོ་བོད་རིགས་ཀྱི་ནང་ཆ་བཞག་ན། དཔེར་ན། འབའ་པ་ཕུན་ཚོགས་དབང་རྒྱལ་ལྟ་བུ་ལ་མཚོན་ན། ལོ་རྒན་བརྒྱད་ཅུ་བརྒལ་ཡོད་པ་རེད། མི་ཚེའི་རིང་ལ་བོད་མི་རིགས་ཀྱི་དོན་དང༌། འདྲ་མཉམ་གྱི་ཐོབ་ཐང་རྩོད་པ། དེ་ཡང་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་དང་མཐུན་པ་ཞིག་དང༌། མའོ་ཙེ་ཏུང་གི་ལྟ་བ་དང་མཐུན་པ་ཞིག་གི་མི་རིགས་ཀྱི་ཐོབ་ཐང་དགོས་ཞེས་དུས་ད་ལྟ་བར་བཤད་པ་དེ་ལ་ནུས་པ་ཞིག་འདུག དེ་ཡང་ཤེས་བྱ་ཡོན་ཏན་ཡོད་པའི་སྟོབས་ཀྱིས་བྱུང་བ་རེད། དེར་བརྟེན་ང་རང་ཚོའི་བདེན་པའི་དོན་དག་དེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་མུ་མཐུད་མཐའ་འཁྱོངས་བ་ལ་ཤེས་བྱ་ཡོན་ཏན་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན།
ཤེས་བྱ་ཡོན་ཏན་ལ་རིགས་གཉིས་ཡོད། ད་ལྟ་ང་ཚོས་འགྲེལ་བཤད་རྒྱག་བཞིན་པའི་ནང་ཆོས་ཀྱི་ཤེས་བྱ་ཡོན་ཏན་འདི་ང་ཚོ་བོད་མི་རིགས་ལ་གནའ་རབས་ནས་ཡོད་པའི་མི་རིགས་ཀྱི་སྟོབས་ཤུགས་སམ། ཡང་ན་མི་རིགས་ཀྱི་རིག་གཞུང་གི་གཞི་རྩ་དང༌། མི་རིགས་ཀྱི་ཁྱད་ཆོས་ཤིག་ཆགས་བསྡད་ཡོད་པ་རེད། རྒྱ་གར་ནང་དཔལ་ནཱ་ལེནྜ་ཞེས་བརྗོད་དུས། སྙན་གྲགས་ཅན་གྱི་མཁས་པའི་འབྱུང་གནས་དང༌། ཤེས་ཡོན་གྱི་ལྟེ་གནས་ཤིག་ལ་ཡོངས་གྲགས་ངོས་འཛིན་བྱེད་ཀྱི་འདུག
ཕལ་ཆེར་དཔལ་ནཱ་ལེནྜ་ནི་འཛམ་གླིང་འདིའི་སྟེང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་པོའི་གྲས་ཤིག་ཡིན་པ་བརྗོད་ཐུབ། སྐབས་དེར་ཨོག་སེ་ཧྥོར་ཌི་མེད། དཔེར་ན། ཡུ་རོབ་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་སྔ་ཤོས་ནི་ཨི་ཊ་ལིའི་བྷོ་ལོ་ནི་ཡ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཡིན་པ་བརྗོད་ཀྱི་ཡོད། སྔ་མོ་མཐོ་སློབ་དེ་ནས་ང་ལ་བྱ་དགའ་ཞིག་སྤྲད་པ་དེ་ལེན་པར་ཕྱིན་པ་གསལ་པོ་དྲན་གྱི་འདུག བྷོ་ལོ་ནི་ཡའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བྱ་དགར་ཚིགས་ཁེབས་གཅིག་གཡོགས་ཀྱི་འདུག ང་གྲྭ་པས་ཚིགས་ཁེབས་གྱོན་ཆོག་གི་མེད་སྟབས་སྐབས་དེར་དགེ་སློང་གིས་ཚིགས་ཁེབས་གྱོན་མི་ཆོག་པའི་འགྲེལ་བཤད་བྱས་པ་དང་འབྲེལ་དེ་རིང་ཁྱེད་རང་ཚོས་ང་ལ་བྱ་དགའ་གནང་བ་ཡིན་སྟབས། ངས་ཁྱེད་རང་ཚོའི་ལུགས་སྲོལ་ལ་བསྟུན་ཏེ་ཚིགས་ཁེབས་འདི་གྱོན་གྱི་ཡིན་ཞེས་ཚིགས་ཁེབས་དེ་མཛད་སྒོ་མ་གྲུབ་བར་གྱོན་པ་ཡིན། སྐབས་དེར་བྷོ་ལོ་ནི་ཡ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཙུགས་ནས་ལོ་སྟོང་ཕྲག་གཅིག་སོང་བ་བརྗོད་ཀྱི་འདུག ཕལ་ཆེར་ཡུ་རོབ་ཁུལ་དུ་སྔ་ཤོས་ཀྱི་གྲས་མིན་ནམ། གང་ལྟར་ང་འགྲོ་སྐབས་ལོ་སྟོང་ཕྲག་གཅིག་ཕྱིན་པ་རེད་ཟེར།
དཔལ་ནཱ་ལེནྜ་ནི་ལོ་སྟོང་ཕྲག་གཉིས་ལྷག་ཙམ་སོང་ཡོད། དེས་ན་དཔལ་ནཱ་ལེནྜ་ནི་འཛམ་གླིང་འདིའི་སྟེང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་སྔ་ཤོས་རེད་ཅེས་ངས་བརྗོད་ཀྱི་ཡོད། ང་རང་ཚོ་བོད་ཀྱི་ནང་ལ་སངས་རྒྱས་པའི་ཆོས་འདི་གོང་དུ་བརྗོད་པ་ལྟར་དཔལ་ནཱ་ལེནྜའི་མཁས་པ་སྙན་གྲགས་ཅན་མཁན་ཆེན་ཞི་བ་འཚོ་སྐུ་ངོ་མ་བོད་དུ་ཕེབས་ནས་བོད་པར་སློབ་སྦྱོང་སྤྲད་གནང་བ་ཞིག་རེད། དེ་དུས་སད་མི་མི་བདུན་ཞེས་ཐོག་མར་རབ་བྱུང་མི་བདུན་བྱུང་ཡོད། དེའི་གོང་དུ་བོད་ལ་རྒྱ་གར་གྱི་གྲྭ་པ་སྤོ་བོ་སྤུ་སོབ་སོབ་ཁ་ཤས་ཤིག་ཡོད་པ་ལས། བོད་པའི་གྲྭ་པ་མཐོང་རྒྱུ་མེད། ངའི་བསམ་བློར་དེ་དུས་ཀྱི་བོད་པའི་ཕྲུ་གུ་བདུན་པོ་དེ་སྤྱོད་པ་འཚུབ་པོ་དང༌། མཁན་ཆེན་ཞི་བ་འཚོས་མཚོན་པའི་དགེ་རྒན་རྣམ་པའི་ལྐོག་ཏུ་འཁྱམ་ནས་ཕྱིན། དཔེ་ཆ་རྒྱུགས་སྤྲོད་བྱེད་སྐབས་དཔེ་ཆ་ཡག་པོ་བལྟས་པ་ཡིན་མདོག་བྱས་ཏེ་དབུ་སྐོར་ཞུ་གི་མེད་དམ་བསམ་གྱི་འདུག གང་ལྟར་ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་དཔལ་ནཱ་ལེནྜའི་མཁས་པའི་དབང་པོ་ཁོང་ཉིད་ནས་ཐུགས་འཁུར་བཞེས་ཏེ་བཙུགས་གནང་བ་རེད། དེ་ནི་ང་ཚོ་དངོས་གནས་སྤོབས་པ་བྱེད་འོས་པ་ཞིག་ཡིན།
ནང་ཆོས་དེ་རྒྱ་ནག་སོགས་ལུང་པ་མང་པོའི་ནང་དུ་ཡོད་རེད་དེ། ནཱ་ལེནྜའི་མཁས་པ་དངོས་སུ་ཡོང་ནས་སློབ་ཁྲིད་བྱས་པ་ཕལ་ཆེར་བོད་གཅིག་པུ་རེད།།