བརྩེ་བས་ཕོངས་པར་ཆོས་ཀྱིས་ཞི་བདེ་སྐྲུན་ཐབས་སྐོར།
ྋགོང་ས་མཆོག་གིས་༢༠༠༨ ལོར་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༦
དྲི་བ། སྤྱིར་བཏང་ཕ་མའི་བརྩེ་བ་ཡག་པོ་ཐོབ་པ་དང༌། ཁོར་ཡུག་བཟང་པོའི་ནང་དུ་འཚར་ལོངས་བྱུང་བའི་མི་དེ་རང་བཞིན་གྱིས་སེམས་པ་བཟང་ཞིང༌། གཤིས་རྒྱུད་འཇམ་པ། སེམས་ཀྱི་འཚར་ལོངས་ཀྱང་མགྱོགས་པ་སོགས་གང་ཅིར་ཕ་མའི་བརྩེ་བ་ཡག་པོ་མ་ཐོབ་པ་དང༌། ཁོར་ཡུག་ངན་པའི་ནང་གནས་པ་དེ་ལས་ལེགས་པ་ཡོང་གི་འདུག ཕ་མའི་བརྩེ་བ་རྩ་བ་ནས་མ་ཐོབ་པ་དང༌། ཁོར་ཡུག་ངན་པའི་ནང་དུ་འཚར་ལོངས་བྱུང་བའི་མི་དེར་ནང་ཆོས་ཀྱི་ཐབས་ལམ་གང་ཞིག་སྤྱད་ནས་མི་དེའི་སེམས་ཞི་བདེ་བག་ཕེབས་ཤིག་བཟོ་ཐབས་ཡོད་དམ་ཞུ་རྒྱུ་ཡིན།
བཀའ་ལན། དྲི་བ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་དང༌། ཁ་ཡོད་ལག་ཡོད་ཀྱི་དྲི་བ་ཞིག་རེད། ཕྱི་རྒྱལ་བ་དེ་འདྲས་ཀྱང་དེ་ལྟར་སྐད་ཆ་འདྲི་ཡི་འདུག དེ་སྐོར་བརྗོད་ཁག་པོ་འདུག་རུང་ཐོག་མ་ནས་སྐྱོན་ཤོར་ཏེ་འཐུས་ཤོར་ཕྱིན་པ་དེ་དག་ལ་འགྱུར་བ་དང༌། ཡར་རྒྱས་ཡོང་བ་བྱེད་ཐུབ་རྒྱུ་ཡང་ཡོང་གི་རེད། ངང་བསྲིངས་ནས་ཕྱོགས་མང་པོའི་ཐབས་ཤེས་བྱེད་དགོས་ཤིང༌། དེ་ཡང་གཙོ་བོ་བྱམས་བརྩེ་ཁོ་ན་ལ་བརྟེན་ནས་ཐབས་ཤེས་བྱ་རྒྱུ་ལས་གཞན་གྱི་ཐབས་ཤེས་མེད། ཆུང་ངུའི་སྐབས་སུ་བྱམས་བརྩེས་ཕོངས་པའི་རྐྱེན་གྱིས་སེམས་པ་མ་སྐྱིད་པ་ཆགས་ཏེ་མི་གཞན་ལ་ཁྲོས་ཏེ་སྡོད་པ་དང༌། རང་གིས་རང་ལ་ཁྲོས་ནས་ཐ་ན་རང་ཤི་རྒྱག་དགོས་པ་མིན་ནམ་བསམ་མཁན་དེ་ཚོའི་གྲས་ལ། སེམས་སྦུབས་དོག་པོའི་རིགས་ལ་རོགས་རམ་བྱེད་མཁན་དང༌། སེམས་ཁམས་རིག་པའི་ཐོག་ནས་སྨན་པ་དེ་འདྲ་ཡོང་གི་འདུག་པ་དེ་ཚོའི་གྲས་ལ་དམིགས་བསལ་གྱི་ཉམས་མྱོང་ཡོད་པས་ཐབས་ལམ་འདྲ་མིན་སྟོན་རྒྱུ་མེད་དམ་ཞེས་ངས་བཤད་ཀྱི་ཡོད། དེ་མིན་ངས་བརྗོད་ཤེས་ཀྱི་མེད་ཅེས་བཤད་ཀྱི་ཡོད། ང་ལ་དམིགས་བསལ་གྱི་ཉམས་མྱོང་གང་ཡང་མེད།
མི་རྩ་བ་ནས་སེམས་འཁྲུགས་པ་དང༌། རླུང་ཧ་ཅང་ལངས་པོ། ཆུང་ཆུང་སྐབས་ནས་བྱམས་བརྩེས་ཕོངས་པའི་མི་ཞིག་ངས་གསོ་སྐྱོང་བྱེད་དགོས་བྱུང་ན། ཕལ་ཆེར་ངས་ཤེས་ཀྱི་མི་འདུག གང་འཚམས་ནས་ང་རང་ཡང་རླུང་ལངས་ཏེ་འགྲམ་ལྕག་གཞུ་རྒྱུའི་ཉེན་ཁ་ཡོད་པ་རེད། འདིའི་སྐོར་ལ་ཞིབ་ཚགས་པོ་བཤད་རྒྱུ་མེད་པས་དམིགས་བསལ་གྱི་མཁས་པ་དེ་འདྲ་ལ་སྐད་ཆ་འདྲི་རྒྱུ་མེད་དམ། རྩ་བ་ཐོག་མ་ཉིད་ནས་བྱམས་བརྩེས་མི་ཕོངས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་རང་ལ་ཆ་བཞག་ན། དང་པོ་བྱམས་བརྩེ་ཞེས་པ་དེ་སློབ་མཁན་ངའི་ཨ་མ་ཡིན་ཞེས་བརྗོད་ཀྱི་ཡོད། ང་རང་ཚོ་ཚང་མ་ཨ་མ་ལས་མ་སྐྱེས་པ་གཅིག་ཀྱང་མེད། ང་ཚོ་ཚང་མ་ཨ་མ་ལས་སྐྱེས་པའི་ཉིན་ནས་བཟུང། དུས་ཡུན་གང་འཚམས་ཤིག་གི་རིང་རང་ལ་ཚུར་བྱམས་པོ་བྱེད་མཁན་ཞིག་བྱུང་ན། སེམས་ཀྱི་གཏིང་ནས་དགའ་པོ་བྱེད་པ་དང༌། རང་ཉིད་ཀྱི་རྩེ་རོགས་དང་མཉམ་དུ་རྩེད་མོ་རྩེས་ནས་འཆམ་པོ་བྱེད་པ་དང༌། རང་ཉིད་ལ་རྔན་པ་ཞིག་ཡོད་ཀྱང་བགོ་བཤའ་བྱེད་པ་དེ་ཕྲུ་གུ་ཆུང་ཆུང་ཕལ་མོ་ཆེའི་སྤྱོད་པ་རེད། ངས་ནམ་རྒྱུན་འགྲེལ་བཤད་འདི་ལྟར་རྒྱག་གི་ཡོད། རང་ཉིད་འཚོ་བས་ཕོངས་པའི་གནས་སྟངས་ཀྱི་འོག་ནས་བརྩེ་བ་དགོས་ཤིང༌། ང་རང་ཚོ་མི་ཡིན་ན་ཡང་འདྲ། དུད་འགྲོ་ཁྱི་དང་ཞི་མི་སོགས་ཡིན་ན་ཡང་འདྲ། བྱ་རིགས་ནི་སྒོ་ང་ལ་བརྟེན་ནས་འཚོ་དགོས་པས་གཉིས་སྐྱེས་ཞེས་བརྗོད། གང་ལྟར་རིམ་བཞིན་ཕྲུ་གུ་འཚར་ལོངས་ཕ་མ་གཉིས་དང༌། ལྷག་པར་མས་གསོས་ནས་འཚར་ལོངས་བྱེད་ཀྱི་ཡོད།
ང་རང་ཚོ་མི་དང༌། ཁྱི་དང་ཞི་མི་ནི་མ་ཡི་འོ་མ་ལ་བརྟེན་ནས་འཚོ་དགོས་པས་མའི་ངོས་ནས་བུ་ལ་བརྩེ་བ་མེད་ན། བུའི་དོན་དུ་དཀའ་ལས་རྒྱག་པ་དང༌། ནུ་མ་འབྱིན་པ་དེ་དག་མི་ཡོང་ཞིང༌། བུའི་ངོས་ནས་ཀྱང་མ་ལ་བརྩེ་བ་མེད་ན། མཐའ་གཅིག་ཏུ་མ་ལ་བློས་བཀལ་བ་དེ་མི་ཡོང༌། ང་ཚོ་འཚོ་བའི་དོན་དུ་ལུས་པོ་རང་གི་གནས་སྟངས་ཀྱི་འོག་ནས་གཅིག་གིས་གཅིག་ལ་བརྩེ་བ་བྱེད་དགོས་པ་ཞིག་ཆགས་ཡོད། དེ་ནི་རང་བཞིན་གྱི་གནས་སྟངས་ཤིག་ཡིན། དེ་ལས་ཀྱིས་བྱས་པ་རེད་དམ་ཞེ་ན། ཨེ་ཡིན། ལས་དང་འབྲས་བུ་ཞེས་པ་དེའི་མཚམས་གང་དང་གང་དུ་ཡོད་མེད་དབྱེ་བ་ཕྱེ་རྒྱུ་ཅུང་ཁག་པོ་ཡོད། དེ་ནི་ཆོས་ཉིད་ལྟ་བུ་ཞིག་ཆགས་ཡོད་པ་རེད།
དཔེར་ན། རུས་སྦལ་གྱི་རིགས་ཁ་ཤས་དང༌། དེ་བཞིན་སྦྲུལ་ཡང་ཕལ་ཆེར་དེ་ལྟར་རེད། ཨ་མས་སྒོ་ང་གཏོང་གི་ཡོད་པ་དང། རུས་སྦལ་ལ་ཆ་བཞག་ན་སྒོ་ང་བཏང་རྗེས་ཨ་མ་འགྲོ་བ་དང༌། སྦྲུལ་ནི་སྐབས་རེ་ཨ་མས་སྒོ་ང་དེ་བསྲུངས་ནས་སྡོད་ཀྱི་ཡོད་པ་ལྟ་བུ་འདུག དེ་བཞིན་པི་ལྷ་མོའི་རིགས་ཀྱིས་ཀྱང་སྒོ་ང་བསྲུངས་ནས་སྡོད་ཀྱི་འདུག ཡིན་ན་ཡང་སྒོ་ང་ནས་ཕྲུ་གུ་ཐོན་པའི་རྗེས་སུ་རང་མགོ་ཐོན་ཞིང༌། ཨ་མའི་འོ་མ་མི་དགོས་པས་ཨ་མ་ལ་བརྟེན་དགོས་དོན་མེད།
ངས་ནམ་རྒྱུན་རྒྱ་མཚོའི་མཐའ་ལ་ཡོད་པའི་མི་ཚང་དེ་དག་ལ། རུས་སྦལ་གྱི་ཨ་མས་སྒོ་ང་བཏང་སྟེ་ཨ་མ་ཕྱིན་སོང་ན། ཨ་མ་དང་ཕྲུ་གུ་ནམ་ཡང་ཐུག་གི་མེད་པས། དེ་འདྲའི་རང་བཞིན་ལྷན་སྐྱེས་ཡིན་པའི་ཨ་མ་དང་ཕྲུ་གུ་གཉིས་མཉམ་དུ་བཞག་ན། གཅིག་གིས་གཅིག་ལ་བརྩེ་བ་བྱེད་ཤེས་ཀྱི་འདུག་གམ་མི་འདུག་བརྟག་དཔྱད་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། ཕལ་ཆེར་བརྩེ་བ་བྱེད་ཤེས་ཀྱི་མ་རེད། གཅིག་བྱས་ན་ཨ་མས་ཕྲུ་གུ་ཟ་རྒྱུའི་ཉེན་ཁ་ཡོད། གང་ལགས་ཤེ་ན། རང་བཞིན་ལྷན་སྐྱེས་ཀྱིས་འཚར་ལོངས་བྱེད་སྟངས་དེ། གཞན་གྱི་བརྩེ་བ་ལ་བརྟེན་མི་དགོས་པར་ཕྲུ་གུ་རང་ཉིད་རང་མགོ་ཐོན་ནས་འགྲོ་ཡི་ཡོད་པས་ཡིན། ལུས་པོའི་ཐོག་ནས་རང་ཉིད་འཚོ་བ་གཞན་ལ་བརྟེན་དགོས་པས་ན། ནང་གི་སེམས་ཚོར་དྲག་པོའི་ཐོག་ནས་ལུས་པོས་གཞན་ལ་སྐྱོང་རྒྱུའི་ངལ་བ་དང་ལེན་བྱེད་རྒྱུའི་སེམས་ཤུགས་ཤིག་དགོས་པ་དང༌། སེམས་ཤུགས་ཡོང་གཞི་སེམས་ཚོར་དྲག་པོ་ཞིག་དགོས་པ་ནི་བརྩེ་བ་ཡིན་ལ། དེ་ཆགས་པ་དང་འབྲེལ་བའི་བརྩེ་བ་ཡིན་ཡང་ང་ཚོར་དགོས་གལ་ཡོད་པ་དང༌། དེ་ནི་སྐྱེ་དངོས་ཚན་རིག་གི་ཆ་རྐྱེན་ཡིན་པ་ཧ་ཅང་གསལ་པོ་ཡིན། དེར་བརྟེན་ངས་ནམ་རྒྱུན་འཇིག་རྟེན་ཀུན་སྤྱོད་ཀྱི་རྣམ་གཞག་ཡར་རྒྱས་གཏོང་རྒྱུ་དེ་གཙོ་བོ་བཤད་ཀྱི་ཡོད།
ང་རང་ཚོ་བོད་རིགས་དང༌། དེ་མིན་སུ་དང་སུ་ཞིག་ཡིན་ཡང༌། ངས་ནམ་རྒྱུན་ཨ་མས་ཕྲུ་གུར་བརྩེ་བས་ཕྱོགས་གང་ས་ནས་བྱམས་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཕ་མ་གཉིས་དང་ལྷག་པར་ཨ་མས་ཕྲུ་གུ་དང་མཉམ་དུ་སྡོད་རྒྱུའི་དུས་ཚོད་མང་ཙམ་གཏོང་རྒྱུ་གལ་ཆེན་པོ་ཡིན། དེ་ལྟར་མ་བྱས་པར་ཕྲུ་གུ་བུ་གསོ་ཁང་ལྟ་བུ་ལ་བསྐྱལ་ནས་ཕ་མས་དུས་དུས་ལ་མ་གཏོགས་མ་ཐུག་ན་ཏན་ཏན་ཕྲུ་གུའི་ཀླད་པར་སྐྱོན་ཡོང་གི་ཡོད་འདུག དེར་བརྟེན་ཕྲུ་གུ་ཆུང་བྱིས་པའི་གནས་སྐབས་སུ་ཕ་མའི་བརྩེ་བས་སྐྱོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མི་ཡ་རབས་དང༌། སྤྱི་ཚོགས་ཡ་རབས་ཡོང་བ་བྱེད་དགོས་ན། དེ་ནི་ཕ་མས་ཕྲུ་གུ་སྐྱོང་སྟངས་ནས་འགོ་འཛུགས་དགོས་པ་རེད། དེ་བཞིན་སློབ་གྲྭའི་ནང་དགེ་རྒན་གྱིས་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་སྟངས་ལ་རག་ལས་ཡོད། རང་ཉིད་ཀྱི་གླ་ཕོགས་རྗེས་འབྲེལ་གྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་བསམ་པ་མ་ཡིན་པར། ཕྲུ་གུ་ཚོའི་མི་ཚེའི་མདུན་ལམ་གྱི་འགན་ཆ་ཚང་དགེ་རྒན་སོ་སོར་ཡོད་པ་ངོས་ཟིན་པའི་ཐོག་ནས་གང་དྲག་ཅི་དྲག་གིས་བསམ་བློས་ཕྲུ་གུ་དེ་ཚོ་མི་ཚེ་སྐྱིད་པོ་དང༌། བོད་ཀྱི་བསྟན་པ་ཆབ་སྲིད་སྤྱི་ལ་ཕན་པ་ཞིག་བྱུང་ན་བསམ་པའི་སེམས་ཁུར་བླངས་ནས་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བརྩེ་བའི་ཐོག་ནས་སློབ་སྦྱོང་སྤྲད་ན་ཕན་ནུས་གཞན་དང་མི་འདྲ། དེ་མིན་དཔེར་ན། དགེ་རྒན་གྱིས་ཕྲུ་གུར་བརྩེ་བ་དེ་ཙམ་མེད་པར་གདོང་པ་ནག་པོ་སྟོན་མཁན་ཞིག་གི་ས་ནས་སློབ་ཁྲིད་ཉན་པའི་སྐབས་སུ་འཛིན་གྲྭ་མགྱོགས་ཙམ་གྲོལ་རོགས་བྱས་ན་བསམ་པ་ལྟ་བུ་ཡོང་བ་དང༌། ཡང་དགེ་རྒན་ཕྲུ་གུར་བརྩེ་བ་ཅན། སྐབས་རེ་རྔན་པ་ཡང་སྟེར་ཏེ་ཤ་ཚ་རྣམ་དག་བྱེད་མཁན་ཞིག་གི་ས་ནས་སློབ་ཁྲིད་ཉན་སྐབས་འཛིན་གྲྭ་ཅུང་ཟད་མ་གྲོལ་ན་བསམ་པ་ལྟ་བུའི་སྐྱིད་སྣང་ཡོང་བ་མ་ཟད། འཛིན་གྲྭ་ཚོགས་དུས་ཀྱང་རྒན་ལགས་ཐུག་གི་རེད་བསམ་སྟེ་སེམས་དགའ་ལྷང་ལྷང་གིས་འགྲོ་བ་དང༌། རྒན་ལགས་ཀྱིས་སློབ་འཁྲིད་བྱེད་སྐབས་སེམས་ཀྱི་གཏིང་ནས་གཟབ་གཟབ་བྱས་ཏེ་ཉན་པ་ལྟ་བུ་ཡོང་གི་རེད། དགེ་རྒན་བརྩེ་བ་དེ་ཙམ་མེད་པ་བསྟན་བཤིག་འདྲ་པོ་ཞིག་ཡོད་ན། སློབ་ཕྲུག་ཚོས་ཀྱང་ཚོར་བ་དེ་ཙམ་མེད་པར་སུན་པ་ལ་བསམ་པ་ལྟ་བུ་བྱེད་པ་རེད། དེ་ལྟར་ཁྱད་པར་ཆེན་པོ་ཡོད།།