ནང་ཁུལ་ཚིག་སྐམ་སྟོང་བཤད་བྱེད་པའི་དགོས་པ་གང་ཡང་མཐོང་གི་མི་འདུག
བགྲེས་ཡོལ་དུ་ཕེབས་པའི་སྐུ་སྒེར་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ་མཆོག་ལ་བཅར་འདྲི།
དྲི་བ། སྐུ་ངོ་ཁྱེད་རང་བགྲེས་ཡོལ་དུ་ཕེབས་ནས་མ་འོངས་པར་ག་རེ་གནང་རྩིས་ཡོད་དམ། ད་བར་ཞབས་ཕྱི་འགྲུབ་ལོད་གང་འདྲ་བྱུང་སོང་ངམ།
ལན། ད་ཆ་བགྲེས་ཡོལ་ཐོན་པར་བརྟེན། རིང་མིན་ནང་མི་ཟླ་སྒྲིལ་ཁོངས་འགྲོ་རྩིས་ཡོད། སྔོན་ཟླའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐོན་མཇལ་སྐལ་བཟང་ཡག་པོ་བྱུང་སོང༌།
༡༩༩༢ ལོ་འགོར་བཟའ་ཟླ་བོད་མི་ཆིག་སྟོང་གི་རྒྱན་རྒྱག་ཁོངས་ཚུད་དེ་ཨ་རིར་ཐོན་པ་རེད། དེ་རྗེས་བུ་མོ་གཉིས་ཀྱང་ཐོན་པ་རེད། དུས་དེ་ནས་བཟུང་ད་བར་མི་ལོ་༡༨ ལ་ཉེ་བའི་རིང་ངའི་ངོས་ནས་ཞབས་ཕྱི་འགྲུབ་ལ་མ་འགྲུབ་ཨུ་ཚུགས་བྱས་ཏེ་ཁྱིམ་གཅིག་ལ་ཐབ་གཉིས་བཙུགས་ཏེ་བསྡད་པ་ཡིན། ང་རང་ཁྱིམ་པ་མི་ནག་གཅིག་ཡིན་པའི་ཆ་ནས་ཐུགས་ཕན་གསོས་ཡོད་མིན་ལ་མ་ལྟོས་པར་ནང་མི་དང་ཁ་བྲལ་ནས་བློས་ཕྲན་བུ་བཏང་པའི་ཁུལ་ཡིན། ད་ཆ་བགྲེས་ཡོལ་དུ་ཡོད་རུང་ང་རང་བོད་མི་གཅིག་ཡིན་པའི་ཆ་ནས་འཚོ་གོས་ཀྱི་ལས་ཀའི་ཞར་དང་ཞོར་ལ་ས་ཁུལ་དུ་སྤྱི་པའི་ལས་དོན་རྩག་རྩིག་ཐོག་དོ་སྣང་ཕྲན་བུ་ཐུབ་ན་བསམ་པའི་རེ་བ་ཙམ་ཡིན། འོན་ཀྱང་ས་གནས་སུ་འབྱོར་རྗེས་ལག་ལེན་ངོ་མའི་ཐོག་ག་རེ་ཐུབ་གྲབས་ཡོད་མེད་ད་ལྟ་ཞུ་ཚོད་ཐིག་གི་མི་འདུག ད་བར་མི་ལོ་༣༠ ལྷག་ཙམ་རིང་བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང༌། སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་ཙམ་ཟེར་བའི་དཔེ་དོན་བཞིན་གཞུང་སའི་ལྟོ་ཕོགས་ཟོས་པའི་རིན་པ་གྱོང་བཏང་མེད་བསམ་པ་ཙམ་ལས་དམིགས་བསལ་འདི་བྱས་ཀྱི་འགྲེལ་བརྗོད་ཞུ་རྒྱུ་མེད།
དྲི་བ། ཁྱེད་རང་གི་ཞབས་ཡུན་དང་འབྲེལ་བའི་མི་ཚེའི་ལོ་རྒྱུས་འབྲི་རྩོམ་གནང་རྩིས་ཡོད་དམ།
ལན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་གོང་རིམ་ནས་ཐུགས་རེ་དང་བཅས་ཞུ་སྒོའི་འཆར་གཞི་བཀོད་པ་ལྟར་བཙན་བྱོལ་ནང་ཡར་རྒྱས་འཛུགས་སྐྲུན་དང་འབྲེལ་བའི་གྲུབ་འབྲས་གང་བྱུང་བ་དེ་དག་དབུས་དང་ཕྱོགས་མཐའི་ལས་བྱེད་ཆེ་ཕྲ་ཚང་མས་སྤྱི་དོན་འཕྱར་གྲུ་མཉམ་འདེགས་ཞུས་པའི་གྲུབ་འབྲས་བྱས་རྗེས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་ད་ལྟའི་ཆར་ཟུར་དུ་ང་རང་གི་མི་ཚེའི་ལོ་རྒྱུས་འབྲི་རྩིས་མེད།
དྲི་བ། ཁྱེད་རང་བལ་ཡུལ་དོན་གཅོད་གནང་སྐབས་འབའ་པ་རྒན་ཡེ་ཤེས་ཅན་དང་འབྲེལ་མཐུད་བྱུང་རིམ་ག་འདྲ་ཡིན་ནམ།
ལན། ང་བལ་ཡུལ་སྐུ་ཚབ་དོན་གཅོད་པར་བསྐོ་གཞག་གནང་རྗེས་ས་གནས་སུ་མ་ཐོན་གོང་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཐོན་མཇལ་སྐབས། འབའ་པ་རྒན་ཡེ་ཤེས་ཅན་དང་འབྲེལ་བའི་གནས་རྙོག་སེལ་ཐབས་ཐད་སྔ་རྗེས་སུ་བཀའ་མངགས་རིམ་པ་གནང་རུང་འདི་བྱས་དོན་འབྲས་སོན་པ་གང་ཡང་བྱུང་མ་སོང༌། དེའི་སྐོར་གང་དགའ་བལྟ་གིན་བལྟ་གིན་རྙོག་འཛིང་སངས་ཐབས་བྱ་རྒྱུ་གལ་ཆེ་ཞེས་བཀའ་སློབ་ཕེབས་དོན་ས་གནས་སུ་སླེབས་རྗེས་འབྲེལ་ཡོད་ངོ་ཤེས་བརྒྱུད་ནང་དོན་གནས་ཚུལ་མྱང་རྩད་བྱས་པར། ད་བར་གཞུང་གི་གནད་ཡོད་ལས་བྱེད་དང་སྤྱི་འཐུས་བཅས་པས་ཐབས་ཤེས་གནང་སྐོར་གོ་ཐོས་བྱུང་ཡང་མཐའ་མ་འདི་བྱས་གོ་རྒྱུ་གང་ཡང་མི་འདུག་པས། ཡོང་རྒྱུ་མེད་པའི་ལས་ལ་འབད་ན་དུས་ཚོད་འཕྲོ་བརླག་དང་སྐུ་ངལ་ཁག་རོགས་རེད་ཟེར་བ་དང༌། ཁྱེད་རང་གིས་ལྷག་བསམ་ཡིན་ཁུལ་གྱིས་རྒན་ཐུག་པར་འགྲོ་ན་ཉོ་ཆ་བཟེད་ཡོང་ཟེར་བ། མང་ཚོགས་ནས་རྒྱབ་ལྗོངས་ཀྱི་གནས་ཚུལ་མ་རྟོགས་པ་སོང་ཙང་མཐོང་ཚུལ་ཆགས་ཏེ་ནག་པོ་བཟོས་ཡོང་ཟེར་བ། བྱུང་ན་འགྲོ་སྟངས་ཀྱི་ཆ་ནས་ཚུར་དོན་གཅོད་ཁང་དུ་བཀའ་འགུགས་གནང་དགོས་ཟེར་བ་སོགས་ང་རང་སྒེར་ལ་བཟོད་མེད་ཤ་ཚའི་བསམ་འཆར་བཤད་མཁན་མང་པོ་བྱུང༌། ཁོང་ཚོར་ཐུགས་ཁག་གཏན་ནས་ཡོད་པ་མ་རེད། སྐབས་དེར་སྤྱི་ཚོགས་ནང་བལྟ་སྟངས་དང་གླེང་ཕྱོགས་དེ་འདྲ་ཞིག་ཡོད་པ་རེད།
ངའི་བསམ་པར་དུས་ཡུན་རིང་པོའི་རིང་གི་རྙོག་གཞི་དེ་རང་གིས་དོན་གཅོད་བྱེད་པའི་རིང་དཀའ་རྙོག་སེལ་རྒྱུའི་རེ་བ་མ་བྱས་ཀྱང༌། བཀའ་དགོངས་དོན་འཁྱོལ་སླད་མ་ལན་མ་འགྱོད་པའི་འགོ་འཛུགས་ཤིག་ཐུབ་ན། རིམ་པས་ཐབས་ལམ་ཞིག་རྙེད་རྒྱུའི་ཡིད་ཆེས་དང་བཅས་འབྲེལ་བ་བྱས་པ་ཡིན། དེ་ཡང་འགྲོ་སྟངས་དང་འགྲོ་ལུགས་ལ་གལ་ཆེ་མ་བརྩིས་པར་འགྲིག་གཙོ་ཁོ་ན་བྱས་པ་ཡིན། དོན་གཅོད་ཁང་དུ་འཆར་ཅན་བཅར་མཁན་མང་པོ་ཡོད་སྟབས། གལ་ཏེ་འབྲེལ་བ་ལམ་དུ་མ་སོང་བ་འདྲ་ཡིན་ཚེ་སྤྱི་ཚོགས་ནང་ཁོང་ཚོ་ངན་པ་ལག་འབྲེལ་བྱེད་ཀྱི་འདུག་ཅེས་མགོ་མ་འཚོས་པའི་གླེང་རྙོག་ཡོང་དོགས་ཀྱིས་ཉིན་གཅིག་རྒན་ལ་ཁྱེད་རང་ཐུག་འདོད་ཡོད་ལུགས་ཁ་པར་བཏང་བ་ཡིན། རྒན་གྱིས་ཁྱེད་རང་རྒྱལ་བ་རིན་པོ་ཆེ་སྐུ་ཚབ་རེད། ང་གང་དུ་བཅར་དགོས་མིན་གསུང་རོགས་ཞེས་བརྗོད་བྱུང༌། ངས་སང་ཉིན་ཁྱེད་རང་ཡོད་སར་ང་ཕར་ཡོང་ན་འགྲིགས་མིན་བརྗོད་པར། ངའི་སྡོད་གནས་སུ་ཕེབས་ན་དགའ་བསུ་ཡོད་ཅེས་ལན་གནང་བྱུང༌། དེ་ནས་སྐབས་དེའི་དོན་གཅོད་ཁང་གི་དྲུང་གཞོན་བློ་བཟང་ལགས་དང༌། ངག་དབང་ཐུབ་བསྟན་ལགས་གཉིས་ལ་ནང་དོན་གནས་ལུགས་གོ་བསྡུར་རོབ་ཙམ་བྱས་ཏེ་ཕྱི་ཉིན་ངག་དབང་ལགས་རོགས་སུ་ཁྲིད་དེ་བསྐྱོད་པ་ཡིན། སྐབས་དེར་རྒན་ཡོད་སའི་རྒྱལ་སྒོའི་ནང་རྒན་དང་སྤུན་མཆེད་སོགས་བཅུ་གྲངས་ཤིག་འདུག་པ་ནས་རྒན་གྱིས་ཐོག་མར་ཁ་བཏགས་ཀྱིས་བསུ་བ་བྱས་པ་དང༌། དེ་ནས་སྡོད་ཤག་ཏུ་མཉམ་བསྐྱོད་ཀྱིས་སྣེ་ལེན་གང་གཟབ་གནང་བྱུང༌། ཐོག་མར་རྒན་ལ་ང་རང་ཡོང་དོན་སྐོར་བརྗོད་དེ་འདས་པའི་གནས་ཚུལ་བཟང་ངན་ལེགས་ཉེས་དང་འགྲིགས་མ་འགྲིགས། སུས་འགལ་དང་སུས་ནོར་ཡོད་མེད་སོགས་ཀྱི་ཐད་ང་ལ་རྒྱུས་མངའ་གང་ཡང་མེད། གློའི་རྙོག་གྲ་བྱུང་བའི་སྐབས་ང་རང་སློབ་གྲྭར་འགྲིམ་བཞིན་པའི་དུས་ཡིན། ཁྱེད་རང་ལ་དེའི་སྐོར་ཉིན་སྦྲེལ་ནས་གསུང་རྒྱུ་ཡོད་ཤག་ཀྱང༌། ང་རང་ལ་ཉན་ལོངས་དང་ཤེས་འདོད་མེད། འདས་པ་ལས་ད་ལྟ་བ་དང་མ་འོངས་པ་གལ་ཆེ་བས། ཕྱིས་འབྱུང་བོད་རིགས་སྤྱི་མཚུངས་ལྟར་གནས་ཐབས་བྱ་རྒྱུའི་ཐད་ནང་མོལ་གོ་བསྡུར་ཐུབ་ཚེ་ང་འདིར་ཡོང་བའི་དགོས་དོན་འགྲུབ་པ་ཡིན་པས། འདིར་ཁྱེད་རང་གི་ངོས་ཀྱང་དམིགས་བསལ་གྱི་བསམ་གཞིག་བྱ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བརྗོད་པ་ཡིན།
དེ་ནི་༡༩༧༧ ལོར་ཟུང་སྦྲེལ་ཚོགས་ཆུང་ཟེར་བ་ཞིག་བྱུང་བ་རེད། ཚོགས་ཆུང་དེའི་ནང་སྐབས་དེ་གཞོན་ནུའི་དབུས་རྒྱུན་ལས་པ་འགའ་ཞིག་དང༌། ས་གནས་ཡན་ལག་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད། ཚོགས་ཆུང་དེའི་ཕྱག་ལས་གནང་ཕྱོགས་ལ་བཀའ་སྤྱི་གཉིས་ནས་གཟིགས་ཕྱོགས་ཀྱི་རྐྱེན་པས་སྤྱི་ཚོགས་ནང་ལབ་རྙོག་བྱུང་བ་དང༌། གཞོན་ནུའི་སྒྲིག་འཛུགས་ནང་དུའང་བསམ་ཚུལ་རིང་ཐུང་ཆགས་རྐྱེན་རྒྱུན་ལས་ཁག་ཅིག་ནས་དགོངས་ཞུ་གནང་བ་དང༌། ས་གནས་ཡན་ལག་ནང་ཁུལ་ལའང་བསམ་ཚུལ་ཕྱོགས་གཉིས་སུ་གྱེས་པའི་སྐབས་དེར་ང་རང་གཞོན་ནུའི་ཚོགས་གཙོ་གསར་པར་འདེམས་ཐོན་བྱུང༌། སྒྲིག་འཛུགས་སྲ་བརྟན་གནས་པར་ཚོགས་མི་ནང་ཁུལ་མཐུན་པོ་དགོས་རྒྱུ་གནད་འགག་ཏུ་མཐོང་ནས་འདས་པའི་གླེང་རྙོག་སྐྱར་སློང་མ་བྱས་པར། ཕྱིས་འབྱུང་འགྲིགས་འཇགས་ཡོང་ཐབས་སྐོར་དམིགས་ཏེ་ཕན་ཚུན་ཕྱོགས་གཉིས་ཀར་འབྲེལ་གཏུགས་ཐབས་ཤེས་ཞུས་པ་ལྟར། ཚང་མས་གོ་ཤེས་ཉན་ཤེས་ཀྱིས་དགོངས་བཞེས་འཕྱར་གྲུ་མཉམ་འདེགས་གནང་བའི་འབྲས་བུར་ཁ་འཐོར་དུ་མ་སོང་བའི་ཐོག་རིམ་གྱིས་རྒྱ་བསྐྱེད་ཐུབ་པ་བྱུང་སོང༌། ད་རེས་ཀྱང་ཉམས་མྱོང་དེ་ནས་བསླབ་བྱ་བླངས་པའི་ཁུལ་ཡིན།
གང་ལྟར་རྒན་གྱིས་ཨུ་ཚུགས་ཀྱིས་ལོ་མང་སྡུག་ནད་མ་ཐེག་པའི་གནས་ཚུལ་ཕྲན་བུ་གསུངས་རྗེས། ཁྱེད་རང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རེད། ངའི་ངོས་ནས་ག་རེ་ཞུ་དགོས་མིན་བཀའ་གནང་རོགས་ཞེས་གསུང་བྱུང༌། དེར་བརྟེན་ང་རང་ཡང་བློ་བདེ་པོ་དང་བྱེད་བདེ་པོ་བྱུང༌། ངས་རྒན་ཁྱེད་རང་དང་ཁྱབ་ཁོངས་མང་ཚོགས་བཅས་ནས་བོད་མི་སྤྱི་མཚུངས་རྒྱལ་གཅེས་མ་དངུལ་འབུལ་དགོས་བརྗོད་པར། དེ་དོན་བཀའ་གང་གནང་ཞུ་གི་ཡིན་གསུངས་པ་ལྟར་ཚོགས་ཆུང་ཟུར་འཛུགས་བྱེད་རྒྱུར་མོས་མཐུན་བྱས། རྒན་གྱི་མངའ་འོག་གཞིས་ཆགས་ཀྱི་གཞིས་འགོར་གཞུང་གནས་ཀྱི་གདན་ཐོབ་དང༌། ཕྲུ་གུ་སློབ་གྲྭར་འཇུག་བཞེས། འཕྲོད་བསྟེན་སྨན་བཅོས་ཁང་ཟུར་འཛུགས་དགོས་ལུགས་བཅས་ཞུ་འདུག་པར་དེ་དོན་ཁས་ལེན་གྱིས་དོན་སྙིང་ཆུ་ཚོད་ཁ་ཤས་ནང་ལོ་མང་གི་དཀའ་རྙོག་འཛུམ་མོལ་ངང་སེལ་ཐུབ་པ་བྱུང༌། དེ་ནས་ཉིན་ཤས་རྗེས་གཞིས་ཆགས་སུ་མང་ཚོགས་ཐུག་འཕྲད་དུ་བསྐྱོད་སྐབས་ལམ་གཡས་གཡོན་དུ་མི་མང་རུ་སྒྲིག་གིས་ལག་ཏུ་ཁ་བཏགས་དང་མེ་ཏོག་ཁྱེར་ནས་དགའ་གུས་ཀྱི་རྣམ་འགྱུར་དང་བཅས་བསུ་ལེན་གང་ལེགས་ཞུས་བྱུང༌། ཕྲན་ནས་མང་ཚོགས་ལ་འཚམ་འདྲིའི་གཏམ་བཤད་བྱས་རྗེས་ཁོང་ཚོའི་འགོ་འཛིན་བགྲེས་སོང་ཞིག་གིས་མི་ཚེ་བོད་དོན་ཆེད་དུ་བསྐྱལ་ཡང་བོད་མིས་མི་དགའ་བ་མཐོང་ཕྱོགས་བྱས་པ་དང༌། བལ་ཡུལ་ནང་སྡོད་ཆོག་པ་ཡུལ་མིའི་ལག་འཁྱེར་ཡོད་རུང་མི་རིགས་བོད་མི་ཡིན་སྟབས་བལ་པོའི་མི་སེར་སྤྱི་མཚུངས་བཤད་ས་དང་ཐོབ་ཐང་རག་གི་མི་འདུག གང་ལྟར་དེ་རིང་གི་ཉིན་མོ་ནས་ང་ཚོ་བོད་མིའི་གྲས་སུ་ཚུད་སོང་ཞེས་དགའ་སྐྱོ་ཟུང་འབྲེལ་གྱི་རྣམ་པ་དང་བཅས་གཏམ་བཤད་གནང་སོང༌།
དེ་ལྟར་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཟེར་བ་ལྟར་ཟེར་སྐད་ཐོས་སྐད་གཅིག་པུར་ཡིད་ཆེས་ཆ་འཇོག་མ་བྱས་པར། དོ་བདག་འབྲེལ་ཡོད་སོ་སོར་གདོང་བསྟན་ནས་ཕན་ཚུན་སྦྱང་བཤད་བྱས་ཚེ། གོ་ཤེས་ཉན་ཤེས་བྱེད་མཁན་ཞིག་ཡིན་ན། བཟང་ཕྱོགས་ངོ་དཀར་གྱི་རྣམ་པ་གསལ་པོ་ཐོན་རྒྱུ་ཡིན་པར་ཡིད་ཆེས་ཡོད།
དྲི་བ། བར་ལམ་མདོ་སྟོད་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་གཞུང་འབྲེལ་ངོས་ལེན་ཡོད་པ་གཅིག་དང༌། མེད་པ་གཅིག་བཅས་གཉིས་ཡོད་པ་བཞིན་གོང་མཚུངས་ནང་ཁུལ་འགྲིག་འཇགས་ཡོང་ཐབས་ཐོག་དགོངས་ཚུལ་ག་རེ་ཡོད་དམ།
ལན། རྒྱ་ཆེ་ས་ནས་ང་ཚོའི་ལུང་པ་ཕྱི་མིས་བཙན་བཟུང་བྱས། ང་ཚོས་རང་ཡུལ་བཞག་ནས་གཞན་ཡུལ་དུ་གྱར་དགོས་བཟོ་མཁན་དེའི་བྱེད་སྟངས་ལ་སྡུག་ནད་འཁྱོག་ས་ལ། ང་ཚོ་ནང་ཁུལ་ཚིག་སྐམ་སྟོང་བཤད་བྱེད་པའི་དགོས་པ་གང་ཡང་མཐོང་གི་མི་འདུག ད་ལྟ་ཁྱེད་ཀྱི་ཁ་དང་ངའི་སྣ་ཁུང་ཞེས་ཕན་ཚུན་མཛུབ་མོ་བཙུགས་རེས་བྱེད་པའི་དུས་མ་རེད། རྡོག་གཅིག་ཏུ་བསྒྲིལ་བའི་དུས་རེད། མིའི་སྤྱི་ཚོགས་ནང་དངོས་བདེན་ཡིན་མིན་ལ་མ་ལྟོས་པར་སྐད་ཆ་རིང་ཐུང་མཐོ་དམའ་སྣ་ཚོགས་ཡོང་རྒྱུ་ནི་ཆོས་ཉིད་རེད། དེ་ལ་ཡ་མཚན་རྒྱུ་དང་ཧ་ལས་རྒྱུ་མི་འདུག ང་ཚོས་རྒྱུན་དུ་རྩོམ་བྲིས་དང༌། ཚོགས་འདུའི་གྲོས་ཆོད། མཛད་སྒོའི་གཏམ་བཤད་སྐབས་ཆིག་སྒྲིལ་ཞེས་པའི་ཚིག་དེ་སྐད་གསང་མཐོན་པོའི་ཐོག་ནས་བེད་སྤྱོད་ཡང་ཡང་བྱེད་ཀྱི་ཡོད་རེད། དངོས་འབྲེལ་ཆིག་བསྒྲིལ་དགོས་པའི་ཚོར་བ་ཡོད་པ་ཞིག་ཡིན་ན། ཆིག་བསྒྲིལ་མེད་ས་གང་ཡིན་པ་དེར་ཆིག་བསྒྲིལ་ཡོང་ཐབས་ཀྱི་ཐུགས་འགན་བཞེས་དགོས། མདོ་སྟོད་ཆིག་བསྒྲིལ་མེད་པ་དེས་བོད་སྤྱི་པར་གནོད་ཀྱི་འདུག་དང་མི་འདུག ཞབས་འདྲེན་གྱི་གནས་ཚུལ་ཞིག་ཡིན་མིན་དགོངས་པ་བཞེས་དགོས། གལ་ཏེ་སྤྱི་པར་གནོད་པ་དང་ཞབས་འདྲེན་དུ་འགྲོ་གི་ཡོད་པ་གཟིགས་ཚེ། དེའི་དཀའ་རྙོག་སེལ་རྒྱུའི་ལས་འགན་མདོ་སྟོད་ཁོངས་གཏོགས་མཁན་བླ་དགེ་བའི་བཤེས་གཉེན་རྣམ་པ་དང༌། བཀའ་བློན་ལས་ཟུར། སྤྱི་འཐུས་ལས་ཟུར་སོགས་མི་ཆེན་པོ་མང་པོ་བཞུགས་ཡོད་པ་དེ་དག་གིས་དབུ་ཁྲིད་གནང་སྟེ་ཐུགས་འགན་བཞེས་དགོས། མཚན་གནས་ཡོད་མཁན་ཚོས་གཟིགས་མོ་གཟིགས་ཏེ་མ་བཞུགས་པར་དོ་འཁུར་ཐུགས་སྣང་གནང་ཚེ་དཀའ་རྙོག་དེ་སེལ་མི་ཐུབ་པ་ཞིག་གཏན་ནས་མཐོང་གི་མི་འདུག
ད་ལྟ་ང་ཚོའི་གནས་སྟངས་ཏེ་སྤྱི་ཚོགས་གཞན་དང་བསྡུར་ས་མེད། ག་རེ་བཤད་རུང་མ་བཤད་རུང་ང་ཚོ་སྐྱབས་བཅོལ་བ་རེད། ལུང་པ་མེད་པའི་མི་རེད། རང་དབང་རྩོད་པའི་དུས་ཡིན་པས། བཀའ་སྤྱི་གཉིས་ནས་ཀྱང་ཁྲིམས་སྒྲིག་འགྲོ་སྟངས་འགྲོ་ལུགས་ཀྱི་ལམ་ལུགས་གཞན་ལ་དཔར་བཀབ་མ་གནང་བར་དམིགས་བསལ་གྱི་དགོངས་པ་རྒྱ་ཆེ་བཞེས་གནང་དགོས་ཀྱི་རེད་དྲན་གྱི་འདུག དེ་དང་ཕྱོགས་མཚུངས་བོད་སྤྱི་པ་དང་འབྲེལ་བ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ལའང་ལས་འགན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
གང་ལྟར་དེ་འདྲའི་འགྲིགས་འཇགས་ཀྱི་ལས་འགོ་བཙུགས་པའི་སྐབས། མེ་ཡིས་མེ་གསོད་མི་ཐུབ་པ་དང༌། མེ་གསོད་པར་ཆུ་དགོས་པའི་དཔེ་བཞིན་ཕྱོགས་གཉིས་ཀས་སྔར་གྱི་གནས་རྙོག་གཏིང་སློང་མ་བྱས་པར། ཕྱིས་འབྱུང་བྱེད་ཕྱོགས་སྐོར་བསམ་བློ་གུ་ཡངས་པོའི་ཐོག་ནས་ཕན་གནོད་ཀྱི་དགོངས་པ་བཞེས་དགོས། འགྲིགས་འཇགས་ཀྱི་བཀའ་བསྡུར་སྐབས་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དང༌། རང་སོ་སོའི་དགོས་འདུན་ཐོག་མཁྲེགས་བཟུང་བྱས་པ། སྔར་གྱི་གནས་རྙོག་བཤད་རེས་བྱེད་ན། ཁོང་ཁྲོ་སློང་རེས་མ་གཏོགས་འགྲིགས་འཇགས་ནམ་ཡང་ཡོང་ཐབས་མེད། ཕྱོགས་གཞན་ནས་བཤད་ན་ང་ཚོ་ཚང་མ་ྋརྒྱལ་བ་རིན་པོ་ཆེ་མཉེས་པོ་ཞིག་བྱུང་ན་བསམ་མཁན་གཅིག་གྱུར་རེད། མདོ་སྟོད་དུམ་བུ་ཁག་གཉིས་ཆགས་ན་ྋརྒྱལ་བ་རིན་པོ་ཆེ་མཉེས་པོ་དང་དགོངས་པ་ལ་འཇུག་པོ་ཡོང་གི་རེད་དང༌། མདོ་སྟོད་ཆིག་བསྒྲིལ་བྱུང་ན་ཐུགས་སྤྲོ་པོ་ཡོང་གི་རེད། འདི་གཉིས་ཐོག་དགོངས་པ་བཞེས་རྒྱུ་དེ་རེད།
དྲི་བ། དེ་སྔ་སྐུ་ངོ་ཁྱེད་རང་རྣམ་པས་མདོ་སྟོད་ནང་ཁུལ་འགྲིགས་འཇགས་དང་འོས་བསྡུའི་ལས་འགན་གནང་བ་མ་རེད་དམ།
ལན། སྐབས་དེར་ང་ཚོར་མདོ་སྟོད་ཆོལ་ཁའི་རྒྱུན་ལས་གསར་པའི་འོས་བསྡུ་དང་འབྲེལ་བའི་ལས་འགན་གནང་བ་ཞིག་ལས། འགྲིགས་འཇགས་སྐོར་བཀའ་མངགས་རིགས་གང་ཡང་མེད། དེ་ཡིན་མིན་ཚོགས་མི་བསྐོ་གཞག་གི་བཀོད་རྒྱ་དང༌། ལས་ཐམ་ནས་ཁ་གྲག་ཡོང་གི་རེད།
དྲི་བ། རང་རིགས་ཁག་ཅིག་གིས་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་མི་འགྲོ་འགྱུར་བ་དགོས་ཚུལ་གྱི་བསམ་འཆར་ཡོང་གི་ཡོད་པ་ལྟར། གལ་ཏེ་འགྱུར་བ་བཏང་ན་ཕན་ཐོགས་ཡོད་དམ།
ལན། དེང་སང་ཁག་ཅིག་གིས་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཚོགས་མི་བརྗེ་བསྒྱུར་དང་ཚོགས་མི་མང་དུ་བཏང་ན་ཁྱད་པར་ཡོད་པའི་བསམ་ཚུལ་ཡོང་གི་འདུག དེ་ནི་སོ་སོ་སོ་སོའི་བསམ་བློ་གཏོང་ཕྱོགས་ཤིག་རེད། ངའི་བསམ་པར་སྐུ་ཚབ་ཚོགས་པའི་ནང་ཚོགས་མི་སུ་ཡོད་མེད་དང༌། ཚོགས་མི་མང་ཉུང་གི་ཁྱད་པར་མཐོང་གི་མི་འདུག སྐུ་ཚབ་ཚོགས་མི་སུ་ཡོད་རུང་བོད་གཞུང་གིས་བཀའ་མངགས་ལམ་སྟོན་གང་གནང་ལྟར་རྒྱ་ཕྱོགས་ལ་འབྲེལ་གཏུགས་རྒྱུགས་སྤྲོད་གནང་རྒྱུ་ལས། རང་རང་སོ་སོའི་བསམ་ཚུལ་བཤད་པའི་ཐོབ་ཐང་མེད། གལ་ཏེ་ལམ་འཕྲལ་ལན་འདེབས་ཐག་གཅོད་གནང་དགོས་པའི་གནས་ཚུལ་བྱུང་བའི་དབང་དུ་བཏང་ཡང༌། ཐོག་མར་ྋགོང་ས་མཆོག་ལ་སྙན་གསེང་དང་རང་གཞུང་གི་མཁྱེན་རྟོགས་དགོངས་སྐོར་མ་ཞུས་པར་རང་མཚམས་ཀྱིས་ཐག་གཅོད་བྱེད་པའི་དབང་ཚད་ཁོང་ཚོར་མེད། ཡང་སྐུ་ཚབ་ནང་རྒྱ་སྐད་ཤེས་མཁན་ཡོད་མེད་ལ་ཁྱད་པར་ཡོད་ལུགས་གསུང་མཁན་ཡོང་གི་འདུག རྒྱ་སྐད་ཤེས་མཁན་བྱུང་ན་ལེགས་པའི་རང་བཞིན་རེད། འོན་ཀྱང་འཛམ་གླིང་ནང་ཕན་ཚུན་བཀའ་བསྡུར་ཐག་གཅོད་སྐབས་སྐད་བསྒྱུར་མ་བརྟེན་པར་ཐད་ཀར་འབྲེལ་མོལ་མི་ཐུབ་མཁན་ཇི་སྙེད་ཡོད་ཀྱང༌། ཕན་ཚུན་གཉིས་མོས་བྱུང་ན་ཐག་གཅོད་རང་བཞིན་གྱིས་ཡོང་མུས་རེད། དོན་སྙིང་ང་ཚོས་འབྲེལ་གཏུགས་བྱེད་ས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་དང་ལས་བྱེད་རེད། ལས་ཁུངས་དེ་རྒྱ་གཞུང་གི་སྲིད་བྱུས་གཏན་འབེབས་གཞིར་བཟུང་ལངས་ཕྱོགས་འཛིན་པ་ལས། བུ་མོའི་རྣམ་པར་བལྟ་གིན་རྣམ་འགྱུར་བསྟན་པ་ནང་བཞིན། མིའི་གདོང་ལ་བལྟས་ནས་སྲིད་བྱུས་འགྱུར་བ་གཏོང་གི་རེད་བསམ་པ་ཞིག་དུས་ནམ་ཡང་དྲན་གྱི་མི་འདུག
དྲི་བ། རང་རིགས་མང་ཆེ་བས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་པ་དང༌། ཁག་ཅིག་གིས་རང་བཙན་དགོས་འདུན་བཏོན་པ་གཉིས་ལ་འགལ་བ་གཟིགས་ཀྱི་འདུག་གམ།
ལན། བོད་རང་བཙན་ཐོག་འཐབ་རྩོད་བྱེད་པ་ནི་ལོ་རྒྱུས་ནང་ཡོད་པའི་བོད་མི་མང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། བོད་རང་དབང་སླར་གསོའི་ལས་འགུལ་ནང་ཞུགས་རྒྱུ་ནི་ང་ཚོར་འོས་བབས་ཡོད་པ་གཅིག་རེད་མ་གཏོགས་ཁྲིམས་འགལ་ལྟ་བུ་ནམ་ཡང་མཐོང་གི་མི་འདུག བོད་མི་ཚོས་བོད་རང་དབང་རང་བཙན་རྩོད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གི་བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཟེར་གྱི་ཡོད་པ་རེད། དེ་གཉིས་ཀྱི་དཀྱིལ་ལ་མཐའ་གཉིས་སུ་མ་ལྷུང་པའི་དབུ་མའི་ལམ་གྱི་མཛད་བྱུས་བསྐྱངས་པ་རེད། སྤྱིར་བཏང་དབུས་མ་ཟེར་དུས་དཀྱིལ་ལ་གོ་དགོས་པ་རེད། གལ་ཏེ་རང་བཙན་རྩོད་མཁན་མེད་ན། དབུ་མའི་ལམ་དེ་རང་དབུ་མ་ཆགས་མི་ཆགས་ཐེ་ཚོམ་རེད་དྲན་གྱི་འདུག
ཕྱོགས་གཞན་ནས་བཤད་ན་༡༩༥༡ ནས་༡༩༥༩ བར་མི་ལོ་དགུའི་རིང་ང་ཚོས་རྒྱ་མིའི་མཉམ་དུ་མེས་ཚིག་མེར་གཏུགས་བྱས་ཏེ་བསྡད་པ་རེད། ༡༩༥༩ ནས་༡༩༧༩ བར་ལོ་ཉི་ཤུའི་རིང་རང་བཙན་བསྐྱར་རྩོད་གནང་བ་རེད། ༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་ཏིང་ཞོའི་ཕིང་གིས་རང་བཙན་མ་བརྩད་ན། དེ་མིན་ཐོག་གྲོས་བསྡུར་བྱེད་ཆོག་གི་རེད་ཅེས་བཤད་པ་རེད། དེ་ག་རེ་བསྟན་གྱི་འདུག་ཟེར་ན། རང་བཙན་རྩོད་པ་དེས་ཁོང་ཚོར་གནོད་ཀྱི་ཡོད་སྟབས་དེ་ལྟར་བརྗོད་དགོས་བྱུང་བ་རེད། གང་ལྟར་བོད་རང་བཙན་རྩོད་པ་དང༌། དབུ་མའི་ལམ་ཐོག་རང་དབང་གི་ཐོབ་ཐང་རྩོད་པ་གཉིས་ཀ་བོད་སྤྱི་པའི་དོན་རེད། དེ་གཉིས་གཅིག་ཕན་གཅིག་གྲོགས་དགོས་པ་མ་གཏོགས་གཅིག་གི་ལམ་ཁ་གཞན་དེས་བཀག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།
དྲི་བ། ཁྱེད་རང་གི་དགོངས་ཚུལ་ལྟར་ན་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་ཡར་རྒྱས་མ་སོང་བའི་རྐྱེན་རྩ་གང་ལ་ཐུག་པ་རེད་དགོངས་ཀྱི་འདུག
ལན། དེང་སང་རང་རེའི་སློབ་གྲྭ་ཁག་ནང་སློབ་ཕྲུག་རེས་སློབ་ཚན་མི་འདྲ་བ་བཅུ་གྲངས་སློབ་སྦྱོང་བྱེད་དགོས་པ་ལྟར། བོད་ཡིག་དང་ཧིན་དི་གཉིས་ཕུད། དེ་མིན་ཚང་མ་དབྱིན་ཡིག་ནང་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས། ཧིན་བོད་གཉིས་ལས་དབྱིན་ཇིའི་ཤེས་ཚད་རང་བཞིན་གྱིས་ཡག་པ་རེད། ཉིན་ལྟར་སློབ་ཚན་རེར་སློབ་ཁྲིད་དུས་ཚོད་སྐར་མ་༣༥ ཡས་མས་ལས་མེད་པ་བཞིན་བོད་ཡིག་ལའང་སློབ་ཚན་སྤྱི་མཚུངས་ཉིན་རེར་དུས་སྐར་མ་༣༥ ལྷག་མེད། དབྱིན་ཇི་དང་ཧིན་དི་གཉིས་དང་མི་འདྲ་བ་བོད་ཡིག་སློབ་ཚན་ནང་ཆོས་འབྱུང་དང༌། རྒྱལ་རབས། སུམ་རྟགས། སྙན་ངག ཡིག་གཟུགས། དག་ཆ། གྲུབ་མཐའ། རིགས་ལམ་སོགས་མང་དག་སློབ་ཁྲིད་དགོས་པའི་ཆ་ནས་དུས་ཚོད་རེས་མོས་ཆ་བགོས་དགོས་སྟབས་ཡར་རྒྱས་འགྲོ་རྒྱུ་ཁག་པོ་རེད་བསམ་གྱི་འདུག ཕྲུ་གུའི་སེམས་ཁམས་རིག་པ་དང་བསྟུན་ཏེ་ཀློག་དེབ་སྐྱར་བསྒྲིགས་གནང་དགོས། དཔེར་ན། གཞི་རིམ་སློབ་གྲྭའི་ནང་དུ་སུམ་རྟགས་ཚབ་ཏུ་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་ལྟ་བུས་མ་འཐུས་པ་རྩ་བ་ནས་མེད། སུམ་རྟགས་ཁྲིད་པ་ཡིན་ཟེར་བཞིན་དངོས་སུ་རྩོམ་བྲིས་བྱེད་པའི་སྐབས་ཚིག་བརྗོད་ཕར་ཞོག བྱེད་འབྲེལ་དང་ཚིག་འཕྲད་འགྲོ་སྟངས་ཚུན་མ་ཤེས་པ་མང་པོ་ཡོང་གི་འདུག དེ་བཞིན་དུས་ཡུན་སྤར་ཆ་ཐུབ་ན་ཕན་ཁྱད་ངེས་ཅན་ཡོང་རྒྱུ་སྙམ། དགེ་རྒན་གྱི་ཤེས་ཚད་ཡག་ཉེས་གཅིག་པུར་ཐུག་གི་མི་འདུག དུས་ཚོད་ཀྱི་ཆ་ནས་ཀྱང་དཀའ་ངལ་ཡོད་པ་རེད།
དྲི་བ། ཁ་སྔོན་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མི་རྣམས་མཇལ་བཅར་སྐབས་ྋགོང་ས་མཆོག་གིས་འདས་པའི་ལོ་ངོ་སུམ་ཅུའི་ནང་ཤེས་ཡོན་སྤྱི་དང་བྱེ་བྲག་རིགས་གཅིག་རྐང་འཛིན་ཐོག་ཤུགས་སྣོན་མ་ཐུབ་པའི་སྐྱོན་ཆའི་སྐོར་ལམ་སྟོན་ཕེབས་སྐོར་དགོངས་ཚུལ་ག་རེ་ཡོད།
ལན། ཤེས་ཡོན་གྱི་བརྒྱ་ཆ་དང༌། དུས་ཚོད་ཀྱི་མཐུན་རྐྱེན་བཅས་འཛོམས་ན་མཐོ་སློབ་ཐོན་རྗེས་རིགས་གཅིག་རྐང་འཛིན་ཐུབ་པའི་གོ་སྐབས་ངེས་པར་དུ་ལེན་དགོས། རིགས་གཅིག་རྐང་འཛིན་ལའང༌། རང་ཉིད་ཀྱིས་སློབ་སྦྱོང་བྱས་པའི་སློབ་ཚན་དང་འབྲེལ་བའི་རང་གིས་དོ་སྣང་དང་དབྱིངས་ཡོད་པའི་སློབ་ཚན་བྱེ་བྲག་པ་གཅིག་གི་ཐོག་རྩལ་བཏོན་ནས་ཉམས་ཞིབ་བྱས་པའི་རིགས། དཔེར་ན། སྨན་པ། ཚན་རིག དཔལ་འབྱོར་རིག་གནས། ཁང་བཟོ་བྱུས་འགོད་པ། འཛམ་གླིང་རྒྱས་བཤད། ཁྲིམས་དོན། ཁོར་ཡུག་ལ་སོགས་པ་དུ་མ་ཡོད། དེ་ཡང་སྔ་འཕྲོས་ང་ཚོའི་དགོས་མཁོར་དགོངས་པ་བཞེས་དགོས།
བོད་སྨན་ལ་མཚོན་ན། བོད་སྨན་རྒྱ་གར་ནས་དར་བ་རེད། དེ་སྔ་བོད་ལ་རྒྱ་གར་ནང་ཡོད་པའི་སྨན་རྒྱུ་རག་དཀོན་པའི་ཚབ་གཞན་ཞིག་བེད་སྤྱོད་བྱེད་ཀྱི་ཡོད། ད་ཆ་ང་ཚོ་རྒྱ་གར་དུ་གནས་ཡོད་ཙང༌། འཆར་ཅན་ཚབ་བེད་སྤྱོད་མ་དགོས་པར། རྒྱ་གར་ནང་གི་སྔོ་སྨན་ངོ་མ་བེད་སྤྱོད་བྱས་པ་དང༌། ཚབ་བེད་སྤྱོད་བྱས་པ་གཉིས་སྨན་གྱི་ནུས་པ་ལ་ཁྱད་པར་ཇི་ཡོད་ཞིབ་བསྡུར་དང༌། དེ་མཚུངས་རྒྱ་གར་བས་གནས་དུས་འགྱུར་འགྲོས་དང་འཚམས་པའི་སྨན་གྱི་ཐོག་ཉམས་ཞིབ་ཡར་རྒྱས་ཀྱིས་སྔར་མེད་ལེགས་ཆ་ཇི་ཕྱིན་བརྟག་དཔྱད་གནང་སྟེ་ང་ཚོའི་སྨན་གྱི་ཐོག་དེ་བསྟུན་ཡར་རྒྱས་ཀྱི་རྣམ་པ་གསར་པ་ཐོབ་ཐབས་ཇི་ཡོད་ཞིབ་འཇུག་བྱེད་རྒྱུ་གལ་ཆེ།
ཆོས་ཕྱོགས་ལ་དུས་འཁོར་ལྟ་བུར་མཚོན་ན་རྒྱ་གཞུང་དང་བོད་ཀྱི་རིས་མེད་སྐྱེས་ཆེན་སོ་སོས་དགོས་གནད་འགྲེལ་པ་དང་ཆོ་ག་ཕྱག་ལེན་གྱི་གནད་འགག་ཉམས་ཞིབ་ཀྱིས་བསྡོམས་རྒྱག་ཐུབ་པ་ལྟ་བུ། དཔེར་ན། དུས་འཁོར་སྐོར་དོགས་གནད་འཕྲད་པའི་སྐབས། རྣམ་རྒྱལ་གྲྭ་ཚང་ལ་གསུང་རྒྱུ་ཡོད་ན་ཡོད་པ་རེད། དེ་མིན་ཁག་པོ་རེད་ཟེར་དགོས་པ། གང་ལྟར་དགོན་པ་གྲྭ་ཚང་སོ་སོས་གསང་སྔགས་ཀྱི་གཞུང་སྤྱི་དང་བྱེ་བྲག་རེ་རེའི་ཐོག་དམིགས་བཀར་རིགས་གཅིག་རྐང་འཛིན་གྱིས་ཤུགས་སྣོན་སྦྱང་བརྩོན་ཉམས་ཞིབ་དགོས་རྒྱུ་གནད་འགག་ཏུ་མཐོང༌། དེ་བཞིན་གཞུང་བཀའ་པོད་ལྔ་ལའང་དེ་དེ་བཞིན་རེད།
རྩ་རླུང་སྒོམ་སྒྲུབ་ལ་མཚོན་ན། རང་རེས་གསང་སྔགས་ཡིན་ཞེས་ཉམས་ལེན་ཉུང་ཤས་ཤིག་གིས་ལག་བསྟར་བྱས་པ་དང༌། དེ་ཡང་དེའི་སྐབས་དེའི་དུས་ནས་ད་བར་དེ་རང་ལ་གཞི་བཅོལ་བ་ལས་ཟུར་དུ་ཉམས་ཞིབ་བྱས་པ་བྱུང་ཨེ་ཡོད་སྙམ། རྒྱ་གར་བས་མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་ལག་ལེན་དངོས་གཞིའི་སྐབས་ཚན་རིག་གི་བཤད་པ་དང་བསྡུར་ནས་ཡར་རྒྱས་ཕྱིན་ཡོད་ཙང༌། རང་རེའི་གཞུང་ནང་གསལ་བ་གཉིས་ཀྱི་ཁྱད་པར་དང༌། ང་ཚོར་དགོས་ངེས་ཀྱི་ཟབ་ཁྱད་ཁ་གསབ་ལེན་རྒྱུའི་ཆ་རྐྱེན་གང་ཡོད་ཞིབ་འཇུག་ཐུབ་ན་རང་རེའི་རིག་གཞུང་ད་དུང་ཕྱུག་ཏུ་འགྲོ་རྒྱུར་དགོས་པ་ཡོད།
ཡང༌། དཔེར་ན། མཐོ་སློབ་མ་ཐོན་ནའང་གཞི་རྩའི་བོད་ཡིག་གི་ཤེས་ཚད་དང་གོ་རྟོགས་ཡག་པོ་ཡོད་པ་ཞིག་ནས། རང་ལ་དོ་སྣང་ཡོད་པའི་ས་བཅད། དཔེར་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལྟ་བུར་ཉམས་ཞིབ། དེ་ཡང་དཀྱུས་གཅིག་ཏུ་མ་ཡིན་པར་སྔར་ཆོས་རྒྱལ་སྐབས་ཀྱི་གནའ་རབས་དང༌། ཉེ་རབས་ཀྱི་རྒྱལ་རབས་གང་རུང་གཅིག་གི་ཐོག་ཉམས་ཞིབ། བོད་ཡིག་ལ་མཚོན་ན་སློབ་དཔོན་ཐོན་མིས་སུམ་རྟགས་ཀྱིས་མཚོན་པའི་པོད་བརྒྱད་མཛད་པ་ནས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་མ་གཏོགས་གཞན་དྲུག་གླང་དར་སྐབས་མེར་བསྲེག་བཏང་བར་བརྟེན། ཐོག་མར་གཞུང་གཏུགས་ཡུལ་ལེགས་སྦྱར་གྱི་བརྡ་སྤྲོད་ནང་བཞིན་ཞིབ་འཇུག་གྱིས་ང་ཚོའི་སྐད་ཡིག་ནང་མ་ཚང་བའི་སྐྱོན་ཆ་ཡོད་མེད་དང༌། ཡོད་ན་ང་ཚོའི་སྐད་ཡིག་གི་ནུས་པ་ཆེ་རུ་གཏོང་ཐབས་ཁ་སྣོན་བྱེད་རྒྱུ་ག་རེ་ཡོད་པ།
དེ་བཞིན་རིག་གནས་ཆུང་བའི་ནང་ཟློས་གར་གྱི་ཁོངས་སུ་ཨ་ཅེ་ལྷ་མོ་ལ་ཆ་བཞག་ན། དུས་ནམ་ཞིག་ནས་དར་སྟངས་དང༌། ཕྱིས་སུ་སྐྱོར་མོ་ལུང་དང༌། རྒྱ་གར་བ། གཅུང་པ་གསུམ་དུ་ཕྱེ་སྟངས། ཁྱད་པར་གང་ཡོད་མེད། ཁམས་ཕྱོགས་སུ་ནམ་དར་སོགས་དེ་དང་དེས་མཚོན་པའི་རིགས་གཅིག་རྐང་འཛིན་གྱིས་ཉམས་ཞིབ་བྱ་རྒྱུ་དུ་མ་ཡོད་ངེས། སྤྱིར་བཏང་སློབ་ཚན་གང་ཞིག་བཤད་ཁྲིད་སྐབས། རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པས་སློབ་ཁྲིད་བྱས་སྐབས་གོ་དོན་དང་བྲོ་བ་མི་འདྲ་བར་ཡོད་པའི་གསུང་རྒྱུན་འདུག དེ་དང་ཕྱོགས་མཚུངས་རིགས་གཅིག་རྐང་འཛིན་པ་རྣམས་ལ་སློབ་ཡོན་ལྡེང་ངེས་བསྩལ་ཏེ་རིགས་གཅིག་རྐང་འཛིན་པར་སེམས་ངལ་མེད་པ་བཟོ་དགོས།
དྲི་བ། དེ་བཞིན་གཞིས་ཆགས་ཁག་གི་གནས་སྟངས་འཐུས་ཤོར་ཕྱིན་པར་ཐུགས་འགྱོད་ཀྱི་བཀའ་སློབ་ཕེབས་ཡོད་པས་དཀའ་ངལ་སེལ་ཐབས་ག་རེ་ཡོད་དམ།
ལན། བཙན་བྱོལ་ནང་གི་བོད་མི་ཁྱོན་ཆེ་ཤོས་གཞིས་ཆགས་ཁག་ནང་ཡོད། གཞིས་ཆགས་ཁག་གི་གནས་སྟངས་ཡར་རྒྱས་འགྲོ་བར་སྤྱི་འཐུས་འོས་བསྡུ་དང་འབྲེལ་བ་ཆགས་ཀྱི་འདུག གནས་དུས་འགྱུར་འགྲོས་དང་བསྟུན་ཏེ་སྤྱི་འཐུས་ཀྱི་འོས་བསྡུ་གནང་ཕྱོགས་ལ་འགྱུར་བ་དགོས་ངེས་འདུག དཔེར་ན། གྲོས་ཚོགས་གོང་འོག་བྱས་ཏེ་གྲོས་ཚོགས་འོག་མའི་འཐུས་མི་བོད་མི་འདུ་སྡོད་ས་ཁུལ་སོ་སོའི་མི་འབོར་མང་ཉུང་གི་ཐོག་ནས་འོས་བསྡུ་དང༌། དེ་ཡང་ས་གནས་སོ་སོར་གཏན་སྡོད་གནང་མཁན་དགོས་ཀྱི་འདུག གྲོས་ཚོགས་གོང་མའི་འཐུས་མི་ད་མུས་བཞིན་ཆོས་ལུགས་ཆོལ་ཁ་སོ་སོ་ནས་ཡོང་རྒྱུ་བྱས་ན། གྲོས་ཚོགས་འོག་མའི་འཐུས་མི་ས་ཁུལ་སོ་སོ་ནས་སླེབས་པ་ཡིན་ཙང༌། ཁྱབ་ཁོངས་ས་གནས་སོ་སོའི་མང་ཚོགས་ཀྱི་འཚོ་གོས་གནས་སྟངས་དང༌། ཤེས་ཡོན། འཕྲོད་བསྟེན། ས་ཞིང་འདེབས་ལས། ལག་ཤེས་བཟོ་གྲྭ་ལ་སོགས་པའི་དངོས་ཡོད་གནས་སྟངས་ཐད། བཞུགས་སྒར་ནས་ས་ཁུལ་ཁག་ལ་སྐུ་ཚབ་ཕེབས་ཏེ་ཉིན་ཤས་བལྟ་སྐོར་བྱས་པའི་རིང་གི་མཐོང་ཐོས་དང༌། གོ་བྱུང༌། ཟེར་གིས་ལྟ་བུ་མ་ཡིན་པར། རང་ཉིད་ས་ཁུལ་དེ་རང་ནས་ཡིན་པའི་ཆ་ནས་རྒྱུས་མངའ་ཆེ་བ་ཡོད་སྟབས། མང་ཚོགས་ཀྱི་བདེ་སྡུག་དཀའ་ངལ་སེལ་ཐབས་དང་ཡར་རྒྱས་གཏོང་ཕྱོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བ་ཡོད་པ་མཐོང་གི་འདུག འོན་ཀྱང་རྩ་དོན་གནས་ཚུལ་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐད་གྲོས་ཚོགས་གོང་མའི་མཁྱེན་རྟོགས་མོས་མཐུན་རྒྱབ་སྐྱོར་མེད་པར་ཐག་གཅོད་མི་ཆོག་པ་ལྟ་བུ་བྱུང་ན་གཉིས་སྨན་ཡོང་གི་རེད་དྲན་གྱི་འདུག གང་ལྟར་དུས་བསྟུན་ལེགས་བཅོས་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་དང་འབྲེལ་མང་གཙོ་སྤྱི་མཚུངས་འགྲོ་སྟངས་གཅིག་གྱུར་ཡོང་ཐབས་ཐོག་གོམ་གང་མདུན་སྤོས་ཐུབ་ཐབས་ཐོག་དགོངས་བཞེས་གནང་རན་མཐོང་གི་འདུག
དྲི་བ། རང་གཞུང་ནས་གོ་མིང་ཏང་བོད་སོག་ལས་ཁུངས་ཐོག་འཛིན་པའི་སྲིད་བྱུས་ལ་ག་རེ་དགོངས་ཀྱི་འདུག
ལན། ༡༩༢༠ ལོར་རྒྱ་ནག་གི་གྲོང་ཁྱེར་ནན་ཅིན་དུ་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་སྐབས་བོད་སོག་ལས་ཁུངས་ཞེས་པའི་ཐ་སྙད་དེ་གསར་དུ་བྱུང་བ་ཞིག་ཡིན། འདིས་ག་རེ་བསྟན་གྱི་འདུག་ཟེར་ན། དེའི་གོང་བོད་སོག་གཉིས་ཀྱི་གནས་སྟངས་ཁག་ཁག་ཡིན་པ་བསྟན་པ་རེད། ཕྱོགས་གཞན་ནས་བཤད་ན། རྒྱ་ནག་གི་ཁྱབ་ཁོངས་ཞིང་ཆེན་སྤྱི་ལ་མེད་པ་ཞིག་བོད་སོག་གཉིས་ལ་དམིགས་བསལ་གྱི་སྔོན་མེད་ལམ་ལུགས་གསར་གཏོད་བྱས་པ་དེས་དེའི་གོང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བསྟན་པ་རེད།
༡༩༥༩ ལོར་བོད་རྒྱ་ནག་དམར་པོའི་འོག་ཚུད་རྗེས་ང་ཚོས་བོད་རང་བཙན་སླར་གསོ་ཡོང་ཐབས་ཐོག་འབད་བརྩོན་གནང་བ་རེད། དེ་སྐབས་ཐེ་ཝན་གོ་མིང་ཏང་སྲིད་གཞུང་གི་དབང་འཛིན་འོག་གནས་ཡོད་པ་རེད། དེའི་དུས་ལ་ཁོང་ཚོའི་སྲིད་བྱུས་ལ་བོད་རྒྱ་ཁོངས་སུ་ངོས་འཛིན་བྱེད་པ་དང་ཆབས་ཅིག་སྐབས་འཚོལ་བ་ཉུང་ཤས་ལ་ཁུག་ཁུག་ཀྱོག་ཀྱོག་བྱས་ཏེ་དངུལ་དངོས་རོགས་པ་བྱས་ཏེ་བེད་སྤྱོད་བྱེད་ཀྱི་ཡོད་ཙང༌། བོད་སོག་ལས་ཁུངས་ལ་འབྲེལ་བ་བྱེད་ན་འགྲིགས་ཀྱི་མི་འདུག ཅེས་བཤད་དོན་ཐུག་ས་ངོ་མ་དེ་རེད། དེ་ལ་རྒྱུ་མཚན་ཡོད་རེད། ད་ཆ་ཕྱོགས་གཅིག་ནས་ཐེ་ཝན་མང་གཙོར་འགྱུར་ཡོད་པ་རེད། ང་ཚོའི་ཕྱོགས་ནས་ཀྱང་རང་བཙན་རྩོད་ཀྱི་ཡོད་མ་རེད། རྒྱ་ནག་དང་ཁ་བྲལ་མི་དགོས་པའི་ཐོག་ནས་དབུ་མའི་ལམ་གྱི་ཐབས་ཤེས་ལ་བརྟེན་ནས་བོད་རྒྱ་གཉིས་མོས་ཤིག་ཡོང་ཐབས་ཐོག་འབད་བརྩོན་གནང་གི་ཡོད་རེད། ང་ཚོའི་གཞུང་དང༌། ཐེ་ཝན་གཞུང་དབར་འབྲེལ་བ་ཡོང་མུས་དང༌། བོད་སོག་ལས་ཁུངས་ཐེ་ཝན་གཞུང་གི་ལས་ཁུངས་ཆེ་བའི་གྲས་ཤིག་རེད། དེ་འདྲ་སོང་ཙང་ཕྱོགས་གཉིས་ཀའི་གནས་སྟངས་ལ་འགྱུར་བ་ཕྱིན་ཚར་བ་རེད། གལ་ཏེ་བོད་སོག་ལས་ཁུངས་ནས་ཁུག་ཁུག་ཀྱོག་ཀྱོག་མི་རེ་ངོ་རེ་བྱས་ཏེ་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་གཙང་མ་བྱས་ཏེ། ང་ཚོའི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ནས་ང་ཚོའི་ལས་འཆར་ལ་སྨན་པའི་འབྲེལ་བ་གནང་རྒྱུ་བྱས་པ་ཡིན་ན། གང་ཡང་ཡོང་སྲིད་པ་རེད་དྲན་གྱི་འདུག ང་ཚོའི་མཛད་གཙོ་རྣམ་པས་ཀྱང་གནས་དུས་འགྱུར་བ་ལ་གཞིགས་པའི་ཇི་འགབ་དགོངས་དཔྱད་ཀྱིས་གྲོས་ཆོད་ལ་བསྐྱར་བཅོས་གནང་དགོས་དགོངས་བཞེས་གནང་རྒྱུ་དེ་གལ་ཆེན་པོ་རེད།
དྲི་བ། བོད་མི་འགའ་ཞིག་གིས་བོད་རང་བཙན་བསྐྱར་རྩོད་བྱས་པར། དེ་སྔའི་ཁམས་དང་ཨ་མདོའི་གནས་སྟངས་ཀྱི་ཆ་ནས་རྒྱུ་མཚན་འདང་གི་མེད་ཚུལ། དཔེར་ན་ཆིངས་ཡིག་ལྟ་བུ་རྒྱལ་སྤྱིའི་ཁྲིམས་སར་འཁེལ་བའི་ཡིག་ཆ་ཁུངས་སྐྱེལ་དཀའ་བའི་ཆ་ནས་དཀའ་ངལ་འཕྲད་མུས་རེད་ཟེར་བར་དགོངས་ཚུལ་གང་ཡོད་དམ།
ལན། དེ་དང་དེ་འདྲའི་རྒྱུ་མཚན་བཤད་མཁན་རེ་ཟུང་ཡོང་གི་འདུག དེ་ཚོ་རྒྱུ་མཚན་ཡང་དག་མ་རེད། དཔེར་ན། ང་ཚོ་བོད་པས་བོད་ཟེར་བའི་སྐབས་ཆོལ་ཁ་གསུམ་གཅིག་ཏུ་འདུས་པར་བོད་དང༌། ས་ཁུལ་དེ་དག་གི་གི་ཁྱོན་ལ་གནས་པའི་མི་ལ་བོད་མི་ཟེར་གྱི་ཡོད་རེད། བོད་ཕྱི་མ་ནང་མ་ཟེར་བ་དང༌། རྒྱ་སྡེ་བོད་སྡེ་ཟེར་བའི་མིང་བཏགས་མཁན་རྒྱ་མི་རེད་མ་གཏོགས་བོད་མི་མ་རེད། དེ་ཡང་དུས་རབས་སྔོན་མའི་ནང་སྔར་མེད་གསར་བྱུང་གི་སྐད་ཆ་རེད། གལ་ཏེ་རྩོད་ས་ཡོད་ས་ཞིག་དང༌། བདེན་པ་བརྡར་ས་ཡོད་པ་ཞིག་ཡིན་ན། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཁུངས་སྐྱེལ་སྤོབས་པ་དང་བཅས་ལས་སླ་པོའི་ཐོག་ནས་བསྒྲུབ་ཐུབ་ཀྱི་རེད། བོད་དང་འདྲ་མཉམ་ཆིངས་ཡིག་བཞག་པ་ལ་མཚོན་ན། བོད་དང་དབྱིན་གཞུང༌། བོད་དང་གོརྵ། བོད་དང་སོག་པོ་བཅས་ཀྱི་དབར་ཆིངས་ཡིག་བཞག་ཡོད་པ་ལས། ད་ལྟའི་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཚད་དམ། བོད་ཕྱི་མ་དང་ནང་མ་བྱས་ཏེ་བཞག་པ་ཞིག་གཏན་ནས་བྱུང་མེད། ཆིངས་ཡིག་དེ་དག་གི་འགོ་བརྗོད་དུའང་བོད་དང་དབྱིན་གཞུང་དང༌། གོརྵ། སོག་པོ་བཅས་གསལ་ཡོད་པ་ལས། འབྲི་ཆུ་ཡན་ནམ། བོད་སྡེ་དང་མཉམ་དུ་བཞག་པའི་ཆིངས་ཡིག་ཅེས་འཁོད་མེད། དེ་འདྲ་སོང་ཙང་སྐབས་རེ་ང་ཚོའི་ནུས་པས་མ་ལྡེང་བའི་སྐབས་རྒྱུ་མཚན་ཁྱད་མཚར་དེ་འདྲ་བགྲང་མཁན་ཡོང་གི་འདུག དེ་ཚོ་ནི་རང་གི་རང་ལ་མགོ་སྐོར་བཏང་བའི་སྐད་ཆ་རེད།
དྲི་བ། དེ་བཞིན་མི་ཁག་ཅིག་གིས་བོད་རང་བཙན་ནི་རེ་བ་མེད། ཆོལ་ཁ་གསུམ་གཅིག་ཏུ་འདུས་པའི་རང་སྐྱོང་རྩོད་ནའང་རྒྱ་མིས་བདག་སྤྲོད་ཁས་ལེན་མི་བྱེད། དེ་བས་ད་ལྟའི་རང་སྐྱོང་ལྗོངས་ཟེར་བ་ང་ཚོར་རྩིས་སྤྲོད་བྱས་ན། དེ་ཙམ་ལ་ཆ་བཞག་རྒྱུ་མིན་ནམ་ཟེར་མཁན་ཡོང་གི་འདུག་པ་དེ་ལ་དགོངས་ཚུལ་ག་རེ་ཡོད་དམ།
ལན། བསམ་ཚུལ་དེ་ཡག་རྟགས་མ་རེད། མི་གཅིག་གི་གཟུགས་པོར་མཚོན་ན། དབང་པོ་དང་ཡན་ལག་ཉིང་ལག་དང་བཅས་ཚང་མ་དུམ་བུ་ཁ་བྲལ་དུ་བཏང་བའི་སྐད་ཆ་རེད། གཟུགས་པོའི་ཆ་ཤས་ཚང་མ་ཁ་བྲལ་བཏང་རྗེས་གསོན་པོར་གནས་ཐབས་ཀྱི་རེ་བ་བཅངས་པ་ནི་ལྐུགས་རྟགས་རྒྱུགས་སྤྲོད་བྱས་པ་རེད། ལྷོ་ཨ་ཧྥི་རི་ཀའི་མི་རིགས་ནག་པོའི་ལུང་པར་མི་རིགས་དཀར་པོའི་དབང་བསྒྱུར་བྱས་པའི་སྲིད་གཞུང་མགོ་རྟིང་སློག་སྟངས་དེ་ཚོ་ལ་དགོངས་པ་བཞེས་དང༌། དེ་ཚོ་ཚང་མ་ཐོག་མའི་དམིགས་ཡུལ་དང་འཆར་གཞི་བཟུང་བ་ཇི་བཞིན་དཀའ་ངལ་ལ་གདོང་ལེན་ཨུ་ཚུགས་མཐའ་སྐྱེལ་བྱེད་པའི་རྒྱལ་ཁའི་གྲུབ་འབྲས་བཟང་པོ་ཞིག་རེད།
དབྱིན་ཇིའི་སྐད་དུ་Divide & Rule ཟེར་བ་མ་གཏོགས་Unite & Ruleཟེར་དུམ་བུར་བཏང་སྟེ་དབང་བསྒྱུར་བྱེད་དགོས་ཟེར་བ་ལས། ཆིག་བསྒྲིལ་བཟོས་ཏེ་དབང་བསྒྱུར་དགོས་ལུགས་མི་ཟེར་རྒྱ་མིས་བོད་དུམ་བུར་བཏང་ནས་དབང་བསྒྱུར་བདེ་བའི་སྲིད་བྱུས་སྔ་ས་ནས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ང་ཚོས་ཀྱང་དེ་ལྟའི་རེ་བ་བརྒྱབ་ནས་ལྟོགས་ལ་བྱས་ན། བོད་རེ་བས་ཕོངས་ཟེར་བའི་གཏམ་དཔེ་དེ་དོན་ངོ་མར་དེ་ལྟར་ཆགས་ཀྱི་ཡོད་པ་རེད། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བདེན་ཚིག་སྨོན་ལམ་ནང༌། “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ”ཞེས་འཁོད་པ་གནང་ཡོད་པ་ལྟར། ཡོངས་རྫོགས་བོད་ལྗོངས་ཞེས་པ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བར་གོ་དགོས། དེ་ནི་ང་ཚོའི་སྲིད་བྱུས་དང༌། ང་ཚོའི་ལངས་ཕྱོགས། ང་ཚོའི་དམིགས་ཡུལ་རེད། དེ་འདྲ་སོང་ཙང་ཆོལ་གསུམ་བོད་མི་ཚང་མ་སྐྱིད་ན་སྐྱིད་མཉམ་དང༌། སྡུག་ན་སྡུག་མཉམ། བསམ་པ་གྲུ་ནང་གཅིག་གྱུར་བཞིན། ཆོལ་གསུམ་གོང་བུ་གཅིག་གྱུར་བྱུང་ན། སྔ་ཕྱི་མ་གཏོགས་དེ་ལ་གཞིགས་པའི་གྲུབ་འབྲས་ཤིག་ཡོང་གི་རེད། རྒྱ་གར་དབྱིན་ཇིའི་འོག་ལོ་ཉིས་བརྒྱ་ལྷག་གནས་པ་རེད། ང་ཚོ་བཙན་བྱོལ་དུ་ལོ་༥༠ ཙམ་ལས་སོང་མེད། ང་ཚོས་བསམ་བློ་གཏོང་སྟངས་དང༌། དམིགས་ཚད་བཞག་པ་འུ་ཐུག་པོ། བྱབ་ཆུང་དུ་ཆུང་དུ། སླ་རུ་སླ་རུ་བཏང་བ་ཡིན་ན། ཕ་རོལ་ལྕི་བ་མེད། ཚུར་རོལ་སླེ་པོ་མེད། སླེ་པོའི་སླེ་ཐག་ཆད་ཟེར་བ་ལྟར་ལག་པ་སྟོང་པའི་གནས་སུ་གྱར་རྒྱུ་ངེས་པ་རེད། ནང་རྡོག་མ་བསྒྲིལ་ན། ཕྱི་ལ་དོན་འགྲུབ་ཀྱི་མ་རེད། དེ་འདྲ་སོང་ཙང༌། བསམ་བློ་དེ་ཚོ་སྤྱི་སེམས་ཡོད་པའི་བསམ་བློ་མ་རེད། བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་སྔར་ཡང་གནས་ཡོད་ལ། ད་ལྟའང་གནས་བཞིན་ཡོད། འབྱུང་འགྱུར་ཡང་གནས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དྲི་བ། ཡང་རྒྱ་མིས་མདོ་སྟོད་སྨད་གཉིས་རྒྱ་སྡེ་ཡིན་སྟབས། དེ་སྔ་བོད་གཞུང་གི་གནད་ཡོད་མི་སྣའི་ནང་མདོ་སྟོད་སྨད་ཀྱི་མི་སྣ་མེད་ཚུལ་བཤད་པར་བདེན་པ་ག་ཚོད་ཡོད་དམ།
ལན། རྒྱ་མིས་འཆར་ཅན་ཁོ་རང་ཚོའི་འདོད་ཕྱོགས་བཞིན་ཕྱོགས་གཅིག་གི་སྐད་ཆ་ཤ་སྟག་བཤད་ཀྱི་རེད། སྐད་ཆ་དེ་ཚོ་ནི་ཁོ་རང་ཚོར་དགོས་མཁོ་ཡོད་པའི་འཁྱོགས་བཤད་རེད། དེ་སྔ་བོད་གཞུང་གི་ཆེས་མཐོའི་མི་སྣའི་ཁོངས་བསམ་གྲུབ་ཕོ་བྲང་གི་མི་རྒྱུད་ཁམས་ལི་ཐང་ནས་རེད། ཕུན་ཁང་གི་མི་རྒྱུད་ཁམས་མི་ཉག་མགར་ཐར་ནས་རེད། སྡེ་དགེ་སྲས་སྐལ་བཟང་དབང་འདུས་གཞུང་གི་མཐོ་རིམ་མི་སྣ་རེད། དེ་བཞིན་སྤོམ་མདའ་དང༌། ས་འདུ་ཚང་ལྟ་བུ་ཁམས་རིགས་མང་པོ་ཡོད། སྐུ་སྲུང་མདའ་དཔོན་སྐུ་ངོ་ཕུན་ཚོགས་བཀྲ་ཤིས་དམ་པ་མདོ་སྨད་ནས་རེད། དེ་དང་དེ་འདྲའི་འཚོལ་ཞིབ་བྱས་ན་མང་པོ་ཡོད། རྒྱ་མིས་བོད་མི་ནང་ཁུལ་ཁ་བྲལ་གཏོང་ཐབས་སུ་གང་ཡང་བཤད་སྲིད་པ་རེད། གཙོ་བོ་བོད་མི་རང་ཉིད་ནས་རིག་པ་མ་བསྒྲིམ་ན་ཁོང་ཚོའི་གཞོགས་འདེགས་སུ་འགྲོ་རྒྱུའི་ཉེན་ཁ་མེད་པ་མ་རེད། རྒྱ་ནག་བོད་དང་བོད་གཉིས་ཁག་ཁག་སོ་སོ་བྱས་ནས་བསྡད་པ་རེད། དེ་འདྲ་སོང་ཙང་༡༩༥༩ ལོར་བོད་མ་ཤོར་གོང་རྒྱ་ནག་གི་མཐོ་རིམ་མི་སྣའི་ནང་བོད་མི་སུ་གཅིག་མེད། འོན་ཀྱང་མདོ་སྟོད་ཀྱི་མི་སྣ་བོད་གཞུང་གི་གནད་ཡོད་མི་སྣའི་ནང་སྔ་ས་ནས་ཡོད་མུས་རེད། དེ་བོད་ཆོལ་ཁ་གསུམ་རྒྱ་ནག་དང་ལོགས་སུ་གཅིག་གྱུར་ཡིན་པ་བསྟན་གྱི་ཡོད་པ་རེད།
དྲི་བ། གང་ཉིད་ནས་གསར་འགོད་རང་དབང་ལ་གཟིགས་ཕྱོགས་གང་འདྲ་ཡོད།
ལན། རང་དབང་མང་གཙོའི་སྤྱི་ཚོགས་ནང་སྨྲ་བརྗོད་ཀྱི་རང་དབང་ཧ་ཅང་རྩ་ཆེར་བརྩི་བཞིན་ཡོད་པ་ལྟར་སྨྲ་བརྗོད་ཀྱི་རང་དབང་རྩོམ་བྲིས་ཀྱི་ལམ་ནས་གསར་ཤོག་ཐོག་དང༌། གཏམ་བཤད། བསམ་འཆར་བཅས་ཀྱི་ཐོག་ནས་ཡོང་གི་ཡོད་པ་རེད། ང་རང་གསར་འགོད་པའི་རང་དབང་ལ་རྒྱབ་སྐྱོར་ཞུ་མཁན་གྲས་ཤིག་ཡིན། གཞུང་འབྲེལ་ཕུད། གཞུང་འབྲེལ་མ་ཡིན་པའི་གསར་ཤོག་ཁག་སྒེར་པ་རང་རང་སོ་སོས་དགོས་པ་རྒྱུ་མཚན་མང་པོར་གཟིགས་ནས་བཙུགས་པ་སོང་ཙང༌། གཞུང་གི་འཛིན་སྐྱོང་སྟངས་འཛིན་འོག་མེད་སྟབས། གཞུང་གི་ཆེ་ཕྲའི་མཛད་བྱུས་དང༌། ཚོགས་པ་སྒྲིག་འཛུགས་ཁག་གི་ལངས་ཕྱོགས་ལ་བསྟུན་དགོས་པའི་ཁྱབ་པ་གང་ཡང་མེད། དགེ་སྐྱོན་ཁེ་གྱོང་དཔྱད་ཞིབ་བྱས་པའི་ཐོག་ཞུམ་པ་མེད་པའི་ཡོ་བསྲང་གི་བསམ་ཚུལ་འདོན་ཐུབ་ན་གནང་དགོས། འགལ་ནོར་མ་འཚམས་མ་རན་མ་འོས་པ་མཐོ་དམན་དྲག་ཞན་སུའི་ཕྱོགས་ནས་བྱུང་བའི་སྐབས། ཁྱི་མང་བཞིན་ཁ་རུབ་བརྒྱབ་སྟེ་ཁ་རྡུང་བཏང་བ་ལྟ་བུ་མ་ཡིན་པར། རྒྱུ་མཚན་ར་སྦྲགས་ཀྱི་ཐོག་ནས་ཐེར་འདོན་ཐུབ་པ་གནང་དགོས། ཡང་གནས་ཚུལ་ཟེར་ཚད་ཐོས་ཚད་བདེན་པར་འཛིན་པ་དང༌། ཕྱོགས་ཡ་གཅིག་གི་སྐད་ཆར་ཆ་འཇོག་མ་བྱས་པར། ཕྱོགས་གཉིས་ཀའི་གནས་ཚུལ་གསལ་པོ་ཤེས་པའི་ཐོག་ནས་བསྡོམས་རྒྱག་ཐུབ་པ་གནང་རྒྱུ་གནད་འགག་ཆེན་པོ་རེད། ཕྱོགས་རིས་ཕྱོགས་ལྷུང་མེད་པའི་ལས་ཀ་དྲང་པོ་དང་བདེན་པའི་ལམ་དུ་འགྲོ་བའི་སྐབས་གནོན་ཤུགས་བེད་སྤྱོད་དང༌། སྡིགས་ར་བསྐུལ་བ། མིང་ཆད་བཟོ་མཁན་ཡོང་སྲིད་པས་དེ་སྐབས་རིག་པ་བསྒྲིམས་ནས་གསར་འགོད་པའི་རང་དབང་སྲུང་སྐྱོབ་ཐུབ་པ་དགོས་རྒྱུ་དེ་གནད་འགག་མཐོང་གི་འདུག དཀྲུགས་ཤིང་དཀྲོག་གཏམ་རིགས་མང་ཆེ་བ་སྤྱི་དོན་ཁ་འཁྱེར། སྒེར་དོན་ཁོག་བཅུག་བྱེད་མཁན་དེ་ཚོས་བཟོ་ཡི་ཡོད་རེད། ད་བར་ཁྱེད་རང་རྣམ་པས་མཐུན་རྐྱེན་ལ་གཞིགས་པའི་གང་ཅིའི་གནང་སྒོ་འཐུས་ཚང་གང་ལེགས་གནང་བར་དགའ་བསུ་དང་རྒྱབ་སྐྱོར་ཡོད། སླད་ཀྱང་ཐུགས་ཁུར་ཆེ་བཞེས་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དྲི་བ། བོད་གཞུང་གི་ཕྱག་ལས་གནང་ཕྱོགས་དང་མཛད་བྱུས་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། འདི་སྐོར་ཐུགས་ཕན་སོས་མིན་ལ་མ་ལྟོས་པར་རང་གི་མཐོང་ཚུལ་བསམ་ཚུལ་སྐབས་མཚམས་སོ་སོར་དགོངས་པའི་དཔྱད་གཞིར་ཡིག་ཐོག་ྋསྙན་གསེང་ཞུས་ཡོད། དེ་མིན་ཟུར་དུ་དམིགས་བསལ་ཞུ་རྒྱུ་མེད།
དྲི་བ། མ་འོངས་པར་བཀའ་ཤག་གསར་པས་ག་རེའི་ཐོག་ཤུགས་བསྐྱོན་དགོས་ཀྱི་འདུག
ལན། མ་འོངས་པར་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་ཞིག་དང༌། ང་ཚོའི་འཐབ་རྩོད་མུ་མཐུད་གནས་དགོས་ན། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་སྲ་བརྟན་ཚགས་ཚུད་ཡོང་ཐབས་ཐོག་དམིགས་བསལ་གྱི་དགོངས་པ་ཆེ་བཞེས་དགོས་ཀྱི་འདུག ཤིང་སྡོང་ཞིག་ལ་ཆ་བཞག་ན། རྩ་བ་བརྟན་པོ་ཡོད་ན། ལོ་འདབ་ཡལ་ག་རང་བཞིན་རྒྱས་ཀྱི་རེད། རྩ་བ་སྐམ་ན་ཚར་བ་རེད། བོད་རྒྱའི་འབྲེལ་ལམ་ཐད། ང་ཚོའི་ངོས་ནས་གནང་སྒོ་ཚང་མ་གནང་ཟིན་པ་རེད། དེ་ལྷག་གང་ཡང་གནང་རྒྱུ་ལྷག་མེད། ད་རྒྱ་མིས་གང་བྱེད་བལྟ་སྒུག་བྱས་ཏེ་བསམ་གཞིགས་བྱེད་རྒྱུ་རེད་དྲན་གྱི་འདུག
དྲི་བ། དགོངས་འཆར་གཞན་གསུང་རྒྱུ་ཡོད་དམ།
ལན། ད་ལྟ་དྲན་སོས་པ་ཞིག་ལ། དེ་སྔ་སྐལ་པ་བཟང་དུས་ཀྱི་འགྲོ་སྟངས་འགྲོ་ལུགས་ག་རེ་ཡོད་རུང་མེད་རུང༌། ད་ལྟའི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་དགོན་པ་གྲྭ་ཚང་སོ་སོ་ནས་གྲྭ་ཕྲུག་རྣམས་ལ་ཐོག་མར་དཔེ་ཆ་སྐྱོར་སྦྱང་བློ་འཛིན་དང་འབྲེལ། གཙོ་བོ་དགེ་ཚུལ་སློང་གི་རང་རང་སོ་སོ་ནས་རང་གིས་སྲུང་བྱའི་སྡོམ་པའི་རྩ་བ་དང༌། ཡན་ལག་འདུལ་བའི་བཅས་ཁྲིམས་དགོངས་དོན་མ་ཉམས་པ་ལག་ལེན་འཁེལ་ཕྱོགས་སྐོར། ཆོག་པ་དང༌། མི་ཆོག་པ་གང་ཡིན་རེ་རེ་བཞིན་དགག་བྱ་གནང་དགོས་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དཔེ་མཚོན་ངོ་སྤྲོད་ནད་ཐོག་སྨན་འཁེལ་གྱི་ལམ་སྟོན་མཛུབ་ཁྲིད་ཐུབ་ན། གང་ཟག་སོ་སོའི་རྒྱུད་ཚད་ལོན་རྒྱུ་ཁག་པོ་ཡིན་ནའང་ཀུན་སྤྱོད་ཞི་ཞིང་དུལ་བ་བསྟན་པ་སྤྱི་དང༌། ཡང་སྒོས་ཆོས་བརྒྱུད་རང་རང་སོ་སོའི་མཚན་དང་ལ་རྒྱ་གོང་འདེགས་དང༌། མང་ཚོགས་ནས་མིག་དཔེ་ཡར་ལྟ་བྱེད་ཡུལ་དང་བ་འདྲེན་པ་ཞིག་ཡོང་རྒྱུར་ཁྱད་པར་ཆེན་པོ་ཡོང་ངེས།
དེ་ནས་ཆོས་ཕྱོགས་དང་འབྲེལ་བའི་མཛད་སྒོ་དང༌། མཆོད་འབུལ་སྨོན་ལམ་སོགས་ཚུགས་སྐབས་རྒྱལ་སྒོ་རྫིག་པོ་ཁྲ་ཁྲ་ཟིང་ཟིང་བྱེད་རྒྱུ་འདི་མིག་ལ་མཐོང་མི་བདེ་བ་དང༌། འགྲོ་སོང་ཆེ་བ། འདས་གསོན་ཞལ་འདེབས་འབུལ་མཁན་ལ་དགེ་བ་དང་ཕན་པ་མེད་པ། དགོས་མེད་ལྐོག་ལབ་བྱེད་མཁན་མང་རྐྱེན་ཁ་སྡིག་བསགས་པའི་རྒྱུ་རུ་འགྲོ་ཉེན་ཡོད་པ་དང༌། གཞི་ནས་ཆོས་ཕྱོགས་ཀྱི་བྱ་བ་འཇིག་རྟེན་ཆོས་བརྒྱད་དུ་འགྲོ་གཞིར་བརྟེན་གོ་སྒྲིག་གནང་མཁན་སོ་སོས་དགོངས་པ་བསྐྱར་བཞེས་དགོས་ཀྱི་འདུག གལ་ཏེ་གང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ངོ་སྤྲོད་དགོས་གལ་གྱུར་ཚེ། ཕྲེད་དར་ལྟ་བུ་བྱུང་ན་དེས་མ་འགྲིགས་པ་རྩ་བ་ནས་མཐོང་གི་མི་འདུག་པས་དེ་དོན་དགོངས་བཞེས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།
དེ་ནས་ཞུ་རྒྱུ་གཅིག་ལ། ཀ་རྡོར་སྒང་གསུམ་ཁུལ་བོད་སྐད་བཤད་པའི་སྐབས་“ང་ཡང”ཞེས་བརྗོད་པའི་ཚབ་ཏུ་“ང་པ་ནི་”ཞེས་རྒྱ་བོད་ཀྱི་ཐ་སྙད་བེད་སྤྱོད་བྱེད་པ་དང༌། དེ་བཞིན་དེང་སང་གསུང་བཤད་གནང་མཁན་མང་པོས་“ང་ཚོས་”ཞེས་གསུང་དགོས་སར་“ང་ཚོ་གིས་”ཞེས་ཚིག་མ་དག་པ་བེད་སྤྱོད་ཡང་ཡང་གནང་མཁན་འདུག དེ་ཚོ་ཆུང་ཆུང་ཡིན་ཡང་སྣང་ཆུང་སོང་ན་ནམ་ཞིག་རྒྱུན་འཇགས་འགྲོ་ཉེན་ཡོད་པས་ཐུགས་གཟབ་དགོས་ཀྱི་འདུག།།