ཡུ་གུར་བ་རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན།

མི་ལོ་༦ རིང་རྒྱ་ནག་གི་བཙོན་ཁང་དུ་སྡོད་མྱོང་ཞིང་དེང་སྐབས་ཨ་རིར་སྐྱབས་བཅོལ་དུ་ཡོད་པའི་ཚོང་པ་དང། རང་དབང་འཐབ་རྩོད་པ་གྲགས་ཅན། ཡུ་གུར་བ་ལྕམ་རེའ་བྷའི་ཡ་ཁེ་ཌེར་མཆོག་ལ། ཟླ་འདིའི་ཚེས་༡༢ ཉིན་ཉེ་དུས་བྱུང་བའི་ཡུ་གུར་མི་མང་གི་གྱེན་ལངས་སྐོར་བཅར་འདྲི་ཞུས་པ། འདི་ག་གསར་ཁང་གིས་བོད་བསྒྱུར་བྱས།

དྲི་བ། ཤིན་ཅང་དུ་མི་མང་གྱེན་ལངས་བྱེད་དགོས་པའི་རྒྱུ་རྐྱེན་གང་ཡིན་ནམ།
ལན། ཤིན་ཅང་དུ་མི་མང་གྱེན་ལངས་ཀྱྀ་རྒྱུ་རྐྱེན་གཙོ་བོ་ནི། ཟླ་༦ པའི་ཚེས་༢༦ ཉིན་རྒྱ་ནག་གཱོང་དུང་གི་རྩེད་ཆས་བཟོ་གྲྭའི་ནང་རྒྱ་ནག་ཧན་མི་རིགས་ཁྱུ་གཅིག་གིས། ཡུ་གུར་བར་རྡུང་རྡེག་བཏང་བ་དེར་རྒྱ་ནག་གི་ཉེན་རྟོག་པས་སྲུང་སྐྱོབ་བྱས་ཡོད་མ་རེད།དེའི་རྗེས་སུ་རྒྱ་རིགས་ཚོས་ཡུ་གུར་བ་བསད་པ་དེ། ཧན་མི་རིགས་ལ་རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ་བཟོས་ཏེ་དྲ་ལམ་ཐོག་ཁྱབ་བསྒྲགས་བྱས་ཡོད་པ་རེད། མི་མང་པོས་རྒྱ་ནག་ཏུ་ཡོད་པའི་ཡུ་གུར་བ་ཚང་མ་གསོད་དགོས་པའི་སྐོར་བརྗོད་པ་དང༌། ཡུ་གུར་བ་ཚོས་དྲ་ལམ་ཐོག་ནས་རྒྱ་མི་རིགས་ཀྱི་གདུག་རྩུབ་བྱ་སྤྱོད་དེ་མཐོང་ནས། ཨུ་ལུ་མུ་ཆི་ས་གནས་སུ་ཞི་བའི་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་རུང༌། རྒྱ་ནག་གི་དབང་འཛིན་པ་ཚོས་དྲག་ཆས་ཉེན་རྟོག་པ་བཏང་ནས་ཞི་བའི་ཁྲོམ་སྐོར་བ་ཡོངས་རྫོགས་ལ་རྡུང་རྡེག་བཏང་བ་རེད། དེ་ནས་ཁྲོམ་སྐོར་བ་ཚོས་ཕྱིར་དྲག་ཆས་ཉེན་རྟོག་པ་དང་འཐབ་འཛིང་བྱེད་སྐབས། གོ་ལག་རང་འགྲིག་ཡིན་པའི་དྲག་ཆས་ཉེན་རྟོག་པས་མེ་མདའ་བརྒྱབ་པ་དང༌། མི་བརྒྱ་ཕྲག་མང་པོ་བསད་པ་དང་སྟོང་ཕྲག་གཅིག་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
དྲི་བ། དཀའ་ངལ་འདིའི་རྒྱུ་རྐྱེན་གཅིག་རྒྱ་ནག་ཧན་མི་རིགས་ཤིན་ཅང་གི་ས་ཁུལ་དུ་གནས་སྤོས་བྱས་པར་བརྟེན་ནས་བྱུང་བ་ཡིན་ནམ།
ལན། རྒྱ་ནག་དབུས་གཞུང་གིས་འགྲོ་གྲོན་བཏང་ནས་མི་འབོར་གནས་སྤོ་ཤུགས་ཆེར་བྱེད་བཞིན་པའི་དམིགས་ཡུལ་ནི། ཡུ་གུར་མི་རིགས་ཀྱི་མི་འབོར་ཉུང་དུ་བཏང་ནས་ཡུ་གུར་བ་རང་གི་ལུང་པར་གྲངས་ཉུང་མི་རིགས་ཀྱི་ངོ་བོར་སྒྱུར་ཐབས་བྱེད་ཀྱི་ཡོད་པ་དང༌། ཡུ་གུར་བ་ཚོའི་ཐོབ་ཐང་ནི་རྒྱ་ནག་དབང་བསྒྱུར་རིང་ལུགས་པས་རྡོག་རོལ་གཏོང་བཞིན་ཡོད་པ་རེད། ཡུ་གུར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་ནས་སྲོག་ཐོག་གཏོང་གི་ཡོད་རེད་ལ། ཡུ་གུར་བ་སུ་འདྲ་ཞིག་གིས་རང་གི་རིག་གཞུང་དང༌། སྐད་ཡིག མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་སྒྲུབ་སྐབས། རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པ་རེད་ཟེར་ནས་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། ཡུ་གུར་བ་ཚོ་ཞི་བའི་ཐོག་ནས་འདུ་འཛོམས་བྱེད་སྐབས་སྤྱི་ཚོགས་བརྟན་ལྷིང་ལ་བར་ཆད་བྱེད་ཀྱི་འདུག་ཟེར་ནས་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༠༡ ཟླ་བ་༩ ཚེས་༡༡ གི་རྗེས་ནས་རྒྱ་ནག་གིས་ཡུ་གུར་བ་ཚོས། རྒྱ་ནག་ཏུ་འཇིགས་སྐུལ་རིང་ལུགས་པ་བྱེད་མི་ཡོང་ངམ་སྙམ་ནས་དོགས་ཟོན་བྱས་ཏེ་གནས་ཡོད་པ་རེད། སྟབས་མ་ལེགས་པ་ཞིག་ལ་ཡུ་གུར་ལ་གནས་སྤོས་ཡོང་མཁན་རྒྱ་རིགས་ཚོས་རྒྱ་ནག་གཞུང་གི་ལངས་ཕྱོགས་དེ་འཛིན་གང་ཐུབ་བྱེད་ཀྱི་ཡོད་པ་དང༌། གཞུང་གིས་བཟུང་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཡང་དག་ཡིན་པ་ཁུངས་སྐྱེལ་ཐབས་བྱེད་ཀྱི་ཡོད་པ་དེས། ཡུ་གུར་མི་རིགས་དང་ཧན་མི་རིགས་གཉིས་དབར་གླེང་རྙོག་འཐབ་འཁྲུག་དེ་ཡོང་གི་ཡོད་པ་རེད།
དྲི་བ། དེ་ལྟར་ཡིན་རུང་རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོ་ཨ་ལི་ཁེའ་ཌའི་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་བ་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་འདུག
ལན། འདིའི་ལན་སྟབས་བདེ་པོ་ཞེ་དྲག་རེད། ཡུ་གུར་བ་ཚོ་ཁ་ཆེ་རེད། ཁ་ཆེའི་ཏ་ལའི་བྷན་དང་ཨ་ལི་ཁེའ་ཌ་ལ་འབྲེལ་བ་བྱེད་རྒྱུ་ཧ་ཅང་བདེ་པོ་རེད། རྒྱ་ནག་གིས་ཡུ་གུར་བ་ཚོར་སྐྱོན་འཛུགས་འདི་བྱས་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་སྐྱོན་འཛུགས་དེ་ལ་མོས་མཐུན་བྱེད་ཀྱི་རེད་བསམ་གྱི་ཡོད་པ་རེད། ཡིན་ནའང་ཡུ་གུར་བ་ཚོ་ཏ་ལའི་བྷན་དང་ཨ་ལི་ཁེའ་ཌ་གང་ལའང་འབྲེལ་བ་མེད་ལ། ཡུ་གུར་བ་ཚོ་ནི་མང་གཙོ་དང༌། ཞི་འཇམ། རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་ཆེ་བ་ཞིག་ཡིན།
དྲི་བ། རྒྱ་ནག་གཞུང་གིས་ཤིན་ཅང་དུ་ཡོད་པའི་སྣུམ་དང་རླངས་རྫས་གཉིས་ཁོ་ནར་དམིགས་ཡོད་པ་རེད་ཟེར་བ་བདེན་པ་ཡིན་ནམ།
ལན། རེད། རྒྱ་ནག་གི་མི་ཚང་མས་ཤིན་ཅང་གི་ས་ཁུལ་ཁག་ལ་འདོད་པ་བྱེད་ཀྱི་ཡོད་པ་རེད་མ་གཏོགས། ས་གནས་དེར་ཡོད་པའི་ཡུ་གུར་བ་མཁས་དབང་ཁྱད་པར་ཅན་དེ་དག་དགོས་ཀྱི་ཡོད་མ་རེད། ཡུ་གུར་བ་ཚོས་སྟབས་མ་བདེ་བའི་ལས་ཀ་བྱས་པའམ། ཡང་ན་རྒྱལ་ཁབ་ཆིག་སྒྲིལ་ལ་འཇིགས་སྐུལ་བོད་ནང་བྱུང་བ་བཞིན་བྱས་ན། རྒྱ་ནག་གཞུང་གིས་འཆར་གཞི་ཡོད་པའི་ཐོག་ནས་ཤིན་ཅང་ནང་རིག་གཞུང་རྩ་མེད་ཀྱི་ལས་འགུལ་སྤེལ་ནས། ཡུ་གུར་བ་ཚོ་རིམ་གྱིས་རྩ་མེད་བཟོ་རྒྱུ་ཡིན་པ་རེད། ང་ཚོ་ཡུ་གུར་བ་ཚོས་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ག་དུས་ངོ་རྒོལ་བྱས་ན། རྒྱ་ནག་གིས་ཡུ་གུར་བ་ཚོར་འཇིགས་སྐུལ་རིང་ལུགས་པ་དང༌། ཁ་བྲལ་རིང་ལུགས་པ། ཁ་ཆེ་ཕྱོགས་ལྷུང་རིང་ལུགས་པ་ཟེར་བའི་མིང་བྱང་འདི་སྦྱར་གྱི་ཡོད་པ་རེད།
དྲི་བ། གྲངས་ཉུང་མི་རིགས་ཡུ་གུར་དང་བོད་གཉིས་ཀྱི་ལྷིང་འཇགས་དེ་ཉིན་རེ་བཞིན་སྡུག་ཏུ་འགྲོ་བཞིན་ཡོད་པས། རྒྱུ་མཚན་གང་རེད་དགོངས་ཀྱི་འདུག་གམ།
ལན། སྔོན་དུས་དྲང་བདེན་མ་ཡིན་པའི་ཕྱི་གླིང་པའི་དབང་བསྒྱུར་གྱིས་དྲག་སྤྱོད་ཐོག་ནས་མི་སེར་སྤེལ་ཡུལ་བྱས་ཡོད་ཅིང༌། དུས་ཚོད་གང་འཚམས་ཤིག་གི་སྔོན་དུ་མི་སེར་སྤེལ་ཡུལ་གྱི་མི་མང་པོས། རང་ཉིད་ལ་དབང་དུ་བསྒྱུར་མཁན་མི་སེར་སྤེལ་ཡུལ་རིང་ལུགས་པར་ངོ་རྒོལ་བྱས་ཡོད་པ་རེད། དུས་ཚོད་ཇི་ཙམ་བར་ང་ཚོ་རང་གི་ལུང་པའི་ནང་བྲན་གཡོག་དང་ཡུལ་མི་གཉིས་པ་ལྟ་བུ་གནས་སྟངས་འོག་ཏུ་སྡོད་དགོས་པ་རེད་དམ། ང་ཚོར་དགོས་པ་རང་དབང་ཡིན་ལ། ང་ཚོས་གང་བྱས་པ་ཡོངས་རྫོགས་རང་དབང་གི་ཆེད་དུ་བྱེད་ཀྱི་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།