ཨ་མ་ལ་སྡུག་བསྔལ་སྤྲོད་མཁན་གྱི་བུ།

ཁོ་ནི་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་པ་དང། ཕ་སྔར་ནས་གྲོངས་པ་དང། ཨ་མ་རྒན་མོ་ད་ལྟ་རྒན་ཆོས་བྱས་ཚར་འདུག དུས་རྒྱུན་གྲྭ་ཆས་གྱོན་ནས་ཆོས་བྱེད་འདུག་མཁན་རེད་འདུག བུ་དེ་ལོ་མང་པོའི་སྔོན་ནས་སློབ་གྲྭར་འགྲོ་རོགས་མ་བྱས་པར། ཐ་མ་ནག་པོ་འཐེན་བཞིན་གང་སར་འཁྱམ་འགྲོ་བ་དང། དཔེ་ཤག་རྫོགས་དུས་རང་གི་ཨ་མ་དང་སྤུན་ཉེ་འབྲེལ་རྣམས་ཀྱི་སར་ཡོང་ནས།

ང་ལ་དཔེ་ཤག་དགོས། དེ་མིན་ན་ག་རེ་ཡིན་ཡང་བྱེད་སྲིད་ཀྱི་རེད་ཅེས་པ་སོགས་ཀྱི་སྡིགས་ར་སྐུལ་ནས་དཔེ་ཤག་རག་ཚེ་མེག་ལོར་གྷན་ཇི་དང་གཞན་གནས་ངེས་མེད་ལྟ་བུར་གྲོགས་པོ་ཐ་མ་ནག་པོ་འཐེན་དེ་ཚོ་དང་མཉམ་དུ་འཁྱམ་འགྲོ་ཡི་ཡོད་པ་དང། སྤུན་ཉེ་སུ་ཞིག་གི་སློབ་གསོ་ལ་མི་ཉན་མཁན་ཞིག་ཡིན་འདུག

            མ་རྒན་གྱིས་བཤད་པ་ལྟར་ན། དེ་རིང་ཡང་ངའི་སར་ཡོང་ནས་ཁོས་དེའི་སྔོན་དུ་ཨ་མ་ལ་བཅོལ་བཞག་ཡོད་པའི་ཧིན་སྒོར་ཁྲི་ལྔ་པོ་དེ་ཆ་ཚང་ཁྱེར་ཤོག  དེ་ནས་ང་ས་ཆ་གཞན་ཞིག་ལ་འགྲོ་ཡི་ཡིན། རྗེས་མ་ཨ་མ་དང་སྤུན་ཉེ་ཡོད་བསམ་པའི་བསམ་བློ་གཏོང་གི་མིན། ག་པར་ཕྱིན་ཡང་ཚང་མས་བཀའ་བཀྱོན་རྐྱང་རྐྱང་རེད། དཔེ་ཤག་དེ་རྫོགས་རྗེས་དུག་ཟས་ནས་རང་ཤི་རྒྱག་རྒྱུ་ཡིན་ཞེས་སོགས་སྐད་ཆ་མཐོ་དམའ་སྣ་ཚོགས་བཤད་པ་དང། ནམ་རྒྱུན་ང་ཞོགས་པར་ཁ་འདོན་བྱེད་སྐབས། ཁོས་ཨམ་ཅོག་ནང་དུ་གཞས་ཀྱི་སྒྲ་སོགས་ཤུགས་ཆེན་པོ་བཏང་ནས་གནས་བཟོད་མི་བདེ་བ་བཟོ་བ་མ་ཟད། དེ་རིང་ཡང་ངས་བསླབ་བྱ་བརྒྱབ་ནས་ཁྱེད་རང་དེ་འདྲ་མ་བྱེད། ཤ་སྐམ་པོ་ཆགས་འདུག གདོང་ནག་པོ་ཆགས་འདུག  ཞོགས་པ་འོ་མ་འཐུང་། ཨ་མས་ཁ་ལག་བཟོ་ཆོག་སོགས་བཤད་ཀྱང་། ཁོས་དཔེ་ཤག་ཁྱེར་ཤོག་ཟེར་ནས་ཁོང་ཁྲོ་བྱས་ནས་ཅོག་ཙེ་ལ་འབུད་རྒྱག་བཏང་བས་ཇ་དམ་ས་ལ་གཡུགས་སོང་ཟེར།

མ་རྒན་དེ་འུ་ཐུག་ནས་ངའི་ངོ་ཤེས་ཀྱི་སར་ཡོང་ནས་ད་ག་འདྲ་བྱས་ན་ཡག་གི་རེད་ཅེས་ཟེར། ངའི་ངོ་ཤེས་པ་དེས་ད་ཁྱོད་རང་ཐ་མ་གཅོད་སའི་སྨན་ཁང་གི་ནང་དུ་བཅུག་བཞག་ན་དགའ་ཡི་རེད་ཅེས་བཤད་དུས། དེ་སྔོན་ཐེངས་གཉིས་བཅུག་པ་རེད་འོན་ཀྱང་ལོ་གཅིག་ཙམ་དང་ཟླ་ཤས་རིང་བསྡད་ནས་ཕྱིར་རང་འཇགས་ལོག་ཡོང་གི་འདུག མ་གཞི་ཁོ་རང་གིས་དེའི་ནང་འདུག་རྒྱུའི་ཁས་ལེན་མ་བྱས་ན་སྨན་ཁང་གིས་ངོས་ལེན་བྱེད་ཀྱི་མ་རེད་ཟེར། ག་རེ་བཤད་ཀྱང་ཕན་ཐོགས་མི་འདུག  ཁོག་ཏུ་གདུང་འདྲེ་ཞུགས་པ་ནང་བཞིན་རེད། ནམ་ཞིག་འཆི་ཉེན་ལ་འགྲོ་ས་རེད། ཕྲུ་གུ་བསོད་བདེ་མེད་པ་ཞིག་རེད་འདུག  དེ་རིང་དཔེ་ཤག་དེ་དག་ཆ་ཚང་སྤྲད་ཀྱང་ཟླ་བ་གཅིག་འདང་གི་མ་རེད། གཏོར་འཇོག་གི་རེད། དེའི་རྗེས་སུ་ཡང་བསྐྱར་རྙོག་དྲ་ཤོད་པར་ཡོང་གི་རེད། མ་སྤྲད་ན་གང་ཡང་བྱེད་སྲིད་པ་རེད། སྤྱིར་བཏང་ང་རང་རྒན་ཆོས་བྱས་པའི་མི་ཞིག་རེད། ལུས་ལ་ཆོས་གོས་གོན་མཁན་ཞིག་རེད། མི་གཞན་དང་ཁ་ཁྲོ་སྣ་ཁྲོ་གསོག་འདོད་མི་འདུག་ཟེར་ནས་མ་རྒན་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་པ་མ་ཟད། ད་ག་རེ་བྱས་ཀྱང་དཔེ་ཤག་དེ་ཚོ་སྤྲད་ནས་གང་དུ་ཕྱིན་ཡང་ཇུས་གཏོགས་བྱེད་ཀྱི་མིན། ཁོ་ཉིན་ཤས་མེད་སྐབས་ལྷོད་ལྷོད་ཀྱི་བདེ་བ་ཞིག་འདུག་ཅེས་འུ་ཐུག་ཐབས་ཟད་ངང་བརྗོད་ཀྱི་འདུག  ངས་དེ་སྔོན་ནས་དེའི་སྐོར་ཏོག་ཙམ་གོ་མྱོང་བ་ལྟར་སྐབས་རེ་ཨ་མ་གསོད་ཀྱི་ཡིན་ཚུལ་དང་ཁང་པ་མེ་རྒྱག་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་འདུག  སྐབས་དེ་དུས་ང་ལ་ཐབས་ཤེས་བཟང་པོ་ཞིག་གང་ཡང་མེད་པས་ཅི་ཤོད་འདི་ཤོད་མ་བྱུང། ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་འདི་འདྲའི་དཀའ་ངལ་རིགས་ལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་དེ་སྔ་ལས་ཤུགས་ཆེ་བའི་ལས་གཞི་འདྲ་སྤེལ་རྒྱུ་ཡོད་སྲིད་དམ། ཡང་ན་ཐབས་ཤེས་ག་རེ་བྱས་ན་ལེགས།

དྲ་གྲོགས་ཚོས་བསམ་གཞིག་བྱས་ན། དཀའ་ངལ་འདི་འདྲ་སེལ་ཐབས་གང་ཞིག་ཡོད་དམ། ཚང་མས་བསམ་འཆར་རེ་ཤོད་དང།

Leave a Reply

Your email address will not be published. Required fields are marked *