“ས་མཚམས་”རྩོད་རྙོག་བར་གྱི་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༢   
བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་བཟུང་བྱས་པ་ནས་རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་དེ་རྒྱུན་མ་ཆད་པར་བྱུང་ཡོད་ལ། ༡༩༦༢ ལོར་རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་ཆེད་དམག་འཁྲུག་ཀྱང་ཤུགས་ཆེན་པོ་བརྒྱབ་ཡོད་པ་རེད། ཉེ་བའི་ཆར་སླར་ཡང་རྒྱ་དཀར་ནག་གཉིས་ས་མཚམས་སྐོར་གྲོས་མོལ་བྱས་པར་གྲུབ་འབྲས་གང་ཡང་སོན་མེད་པ་དང༌། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནད་དོན་དེའི་སྐོར་ལ་གནས་ཚུལ་མང་པོ་འདོན་སྤེལ་བྱས་སོང། དཔེར་ན་རྒྱ་ནག་གིས་རྒྱ་གར་གཞུང་ལ་སྐྱོན་འཛུགས་“མངའ་སྡེ་བཙུགས་ནས་སྲིད་འཛིན་མངའ་ཁོངས་ཇེ་ཆེར་བཏང་བ།

མཐའ་མཚམས་ས་ཁུལ་དུ་ཡུལ་མི་གནས་སྤར་དུ་བཅུག་པ། དམག་དོན་ལ་བརྟེན་ནས་ས་དབང་བདག་འཛིན་གྱི་སྟོབས་ཤུགས་ཆེར་བཏང་བ། སྤྱི་པའི་འབྲེལ་བ་ཤུགས་ཆེར་བརྟེན་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་པ།”བཅས་བྱེད་ཐབས་བཞིའི་སྒོ་ནས་བོད་ལྗོངས་ཀྱི་ལྷོ་ཁུལ་ཚོད་འཛིན་བྱས་པ་རེད་ཅེས་བརྗོད་ཡོད་པ་མ་ཟད། ད་དུང་“རྒྱ་གར་གྱིས་ཡུལ་མི་གནས་སྤོ་བྱེད་པའི་བྱེད་ཐབས་སམ་ཡང་ན་དམག་དོན་ཐད་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གང་རུང་ཞིག་སྤྱད་ཀྱང༌།  བོད་ལྗོངས་ལྷོ་ཁུལ་གྱི་དབང་ཆ་གཙོ་བོ་ཀྲུང་གོར་དབང་བ་ནི་བསྒྱུར་དཀའ་བའམ་ལྡོག་ཏུ་མེད་པའི་དོན་དངོས་ཤིག་ཡིན།”ཞེས་ནན་བརྗོད་བྱས་ཡོད་པ་རེད། རྒྱ་གར་གཞུང་གིས་འབྲེལ་ཡོད་ས་མཚམས་སྲུང་སྐྱོབས་ཆེད་དམག་མི་འབོར་ཆེན་བཞག་ཡོད་པ་དང༌། རྒྱ་ནག་གཞུང་གིས་རྒྱ་གར་གྱིས་ས་མཚམས་སུ་དམག་མི་འབུམ་གཅིག་བཞག་ཡོད་ཚུལ་ཡང་བརྗོད་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཁག་ཅིག་ས་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་རྒྱ་དཀར་ནག་གཉིས་སླར་ཡང་དམག་འཁྲུག་རྒྱག་སྲིད་པ་དང༌། ལྷག་པར་དུ་༢༠༡༢ ལོར་རྒྱ་དཀར་ནག་དབར་ས་མཚམས་སྐོར་དམག་འཁྲུག་ཤོར་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་སྐབས་དེ་བས་ཀྱང་ཉེན་ཁ་ཆེན་པོ་ཡོད་ཚུལ་བརྗོད་བཞིན་ཡོད། ད་ལྟ་རྒྱ་དཀར་ནག་གཉིས་བར་ཀྱི་ས་མཚམས་ཟེར་བ་དེ་སྔོན་མ་བོད་དང་རྒྱ་གར་གྱི་ས་མཚམས་འབྲེལ་བའི་སྐོར་ཡིན་པ་དང༌། ལྷག་པར་དུ་དེང་དུས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་གཏོགས་མོན་རྟ་དབང་ཁུལ་གྱི་ས་ཆ་དང༌། དེ་བཞིན་ལ་དྭགས་ཀྱི་ས་ཁུལ་ཁག་ཅིག་ལྟ་བུ་རེད།
    གནད་དོན་འདི་ལ་མཚོན་ན་བོད་པའི་ངོས་ནས་ཕྱི་ལོ་༡༩༡༤ ལོར་དབྱིན་བོད་གཞུང་གཉིས་དབར་ཆིངས་ཡིག་བཞག་པ་ནས་བཟུང༌། མེག་མོ་ཧན་གྱི་ས་ཐིག་ལ་ཕྱོགས་གཉིས་ནས་རྩ་འཛིན་ཞུས་ཡོད་ལ། སྐབས་དེ་དུས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པས་ཐག་གཅོད་གང་བྱས་པ་དེ་ལ་ཆིངས་ཡིག་འཇོག་མཁན་ཕྱོགས་གཉིས་ངོས་ནས་འགྱུར་བ་མ་བཏང་གི་བར་དུ་དེ་རང་ལ་རྩ་འཛིན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གཞུང་གི་ངོས་ནས་མོན་རྟ་དབང་ཁུལ་གྱི་གནད་དོན་དེ་ཤུགས་ཆེན་པོ་བཤད་ནས་དོན་དུ་རྒྱ་གར་གྱི་རྗ་མུ་ཀ་ཤི་སྨིར་མངའ་སྡེའི་ཁོངས་སུ་གཏོགས་པའི་ནུབ་རྒྱུད་ལ་དྭགས་ཀྱི་ས་ཁུལ་ཨག་སཱ་ཆིན་དེ་ཐོབ་འདོད་ཀྱི་རེ་བ་ཆེན་པོ་ཞིག་བཟུང་ཡོད་པ་རྟོགས་ཐུབ་ལ། བརྒྱུད་ལམ་ཁག་ནས་རྗ་མུ་ཀ་ཤིར་སྨིར་མངའ་སྡེའི་ཁོངས་སུ་གཏོགས་པའི་ཨག་སཱ་ཆིན་ས་ཁུལ་དེ། རྒྱ་ནག་ལ་མོན་རྟ་དབང་ཁུལ་དང་བསྡུར་ན་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད་ཅིང༌། ས་ཁུལ་དེ་ཤར་ཏིར་ཀི་སི་ཐན་དང་པཱ་ཀི་སི་ཐན་གྱི་ས་མཚམས་ཡིན་པ་དང༌། དེང་སྐབས་ཡུ་གུར་མི་རིགས་ཀྱིས་རང་བཙན་རྩོད་ལེན་བྱེད་བཞིན་པས། ཡུ་གུར་མི་རིགས་ཚོས་ས་ཁུལ་དེ་ནས་ཁ་ཆེའི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱེད་བདེ་པོ་ཡོད་ཚུལ་གྱི་བསམ་ཚུལ་ཤོད་བཞིན་པ་དོན་དང་མཐུན་པའི་གླེང་བརྗོད་ཅིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་ཏུ་མོན་རྟ་དབང་ཁུལ་དེ་རྒྱ་ནག་གི་མངའ་ཁོངས་བསྙོན་མེད་ཡིན་ཚུལ་ཧམ་བཤད་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང༌། དོན་དམ་དུ་དེ་མ་ཡིན་པ་ཚོད་དཔག་བྱེད་ཐུབ་ལ། བོད་པས་གཏམ་དཔེར་རྡུང་རྒྱུ་དེ་རྔ་བརྡུང་ཡང་དམིགས་རྒྱུ་དེ་འདྲེ་དམིགས་ཡོད་ཅེས་པའི་དཔེ་ལྟ་བུ་ཡིན། གང་ལྟར་ལོ་རྒྱུས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བོད་དང་རྒྱ་གར་གྱི་ས་མཚམས་ལས། རྒྱ་ནག་དང་རྒྱ་གར་བར་ས་མཚམས་ཁེལ་མེད་སྟབས་རྩོད་རྙོག་འདི་ལྟ་བུ་ཡོང་མྱོང་མེད་ལ་ཡོང་དགོས་དོན་ཡང་མེད། བོད་རང་བཙན་ཤོར་ནས་བཟུང་རྒྱ་གར་གཞུང་གིས་དཀའ་ངལ་ཐོལ་བ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་བས། བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པའི་བརྗོད་ཚིག་འདི་ཡང་དོན་དངོས་ཡིན་པ་ར་སྤྲོད་བྱུང་བ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།