སླེབས་ལ་ཉེ་བའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན།

ལི་ཐང་འཇམ་བཟོད།      དྷ་ས།
ཕྱི་ལོ་༢༠༠༩ ཟླ་བ་༡༠ པའི་ཚེས་༡ ཉིན་ནི་རྒྱ་ནག་དམར་ཕྱོགས་ཚོགས་པས་གོ་མིན་ཏང་དང་དམག་འཐབ་ཀྱིས་རྒྱལ་ཁ་ཐོབ་སྟེ། རྒྱ་ནག་ཡོངས་རྫོགས་དམར་ཕྱོགས་ཚོགས་པའི་སྲིད་དབང་འོག་ཏུ་གོང་བུ་གཅིག་བསྒྱུར་བྱས་ནས། མི་ལོ་ཧྲིལ་པོ་༦༠ འཁོར་བའི་རྒྱལ་སྟོན་དུས་ཆེན་ཡིན་ལ། དེང་སྐབས་རྒྱ་ནག་གི་ས་གནས་གང་སར་རྒྱལ་སྟོན་དུས་ཆེན་གྱི་གྲ་སྒྲིག་སྣ་ཚོགས་བྱེད་བཞིན་ཡོད་པ་དང༌། ལྷག་དོན་ནུབ་ཕྱོགས་དང་རྒྱ་ནག་ཏུ་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་མང་པོ་ཞིག་ལ། རྒྱ་ནག་གཞུང་ངོས་ནས་འགྲོ་སོང་བཏང་ནས་དམར་ཕྱོགས་ཚོགས་པས། རྒྱ་ནག་གི་ལོ་རྒྱུས་དང་མི་མང་གི་འཚོ་བར་འཕོ་འགྱུར་ཆེན་པོ་བཏང་ཡོད་ཚུལ་གྱི་གློག་བརྙན་མང་པོ་ཞིག་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།

    འདི་ལོའི་ཟླ་བ་༣ པའི་ཚེས་༢༨ ཉིན་ནས་འགོ་བཙུགས་ཏེ། རྒྱ་ནག་གཞུང་གིས་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་འོག་ནས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་གྲོལ་བཏང་སྟེ། མི་ལོ་ཧྲིལ་པོ་༥༠ འཁོར་བའི་དྲན་གསོའི་འཁྱོག་བཤད་དང༌། པེ་ཅིང་དུ་གོ་སྒྲིག་བྱས་ཡོད་པའི་འགྲེམས་སྟོན་ཁང༌། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་ཆོས་ཀྱི་རྒྱལ་མཚན་ཟེར་བར། རྒྱ་ནག་ཉིན་རེའི་ཚགས་པར་གྱི་འགོ་བརྗོད་ཐོག་ནས་རྒྱ་ནག་དམར་ཕྱོགས་ཚོགས་པར། བོད་མི་མང་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་བཅུག་པ་སོགས་ཀྱི་རྫུན་སྒྲིག་གི་ལེའུ་དེ་རེ་ཞིག་མཇུག་རྫོགས་ཡོད་ནའང༌། རྒྱལ་སྟོན་དུས་ཆེན་གྱི་གོ་སྒྲིག་དེ་ཉིན་རེ་བཞིན་འཁྲུགས་ཆ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
    ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་བར་ཆད་དང་༌། དཀའ་ངལ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་བཞིན་པ་ཡིན་ལ། དེ་ཡང་ཉེ་དུས་ཤིན་ཅང་གི་ཡུལ་མི་བརྒྱ་ཕྲག་མང་པོས། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་པར་ངོ་རྒོལ་གྱེན་ལངས་བྱས་ཏེ་འཛམ་གླིང་གི་གསར་འགྱུར་ཆེ་ཤོས་ཆགས་པ་དང། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གྲོས་མོལ་གྱི་ལམ་ནས། ཡུ་གུར་བ་ཚོར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆ་ཚང་དགོས་ཀྱི་ཡོད་པའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཤིན་ཅང་ལ་ཆ་མཚོན་ན་༡༩༤༤ ལོ་ནས་༡༩༤༩ ལོའི་བར་རང་བཙན་གྱི་ངོ་བོའི་ཐོག་ཏུ་གནས་ཡོད་རུང༌། རྒྱལ་སྟོན་དུས་ཆེན་ཐེངས་དང་པོ་ཚར་བ་དང་རྒྱ་ནག་གི་དབང་ཤུགས་འོག་ཏུ་ཚུད་པ་རེད།
    བོད་རིགས་ལ་ཆ་མཚོན་ན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཐེངས་དང་པོ་དེ་ནས། རྒྱ་ནག་གི་དམག་དཔུང་རྣམས་བོད་ཤར་ཕྱོགས་སུ་བཙན་འཛུལ་གྱི་འགོ་བཙུགས་པའི་དུས་ཡིན་ལ། མདོ་ཁམས་ཕྱོགས་ནས་བྱིས་པ་དང་བུད་མེད་མ་གཏོགས་ཡོངས་རྫོགས་རི་ལ་བྲོས་དགོས་པའི་དཀའ་ངལ་དེའང་འགོ་བཙུགས་པའི་དུས་རེད། བོད་དང་ཤིན་ཅང་གཉིས་ཀ་མི་སེར་སྤེལ་ཡུལ་རིང་ལུགས་པ་གཅིག་གི་འོག་ཏུ་གནས་ཡོད་པས། ཕྱོགས་གཉིས་ཀའི་དཀའ་ངལ་ལ་ཆ་འདྲ་བའི་རིགས་མང་པོ་ཡོད་ལ། ངོ་རྒོལ་གྱི་ལས་འགུལ་ལའང་མཐུན་ཕྱོགས་ཀྱི་ཆ་མང་པོ་ཡོད་པས། བོད་དང་ཤིན་ཅང་གཉིས་ཀས་ལས་འགུལ་རྣམས་གཅིག་གི་རྒྱབ་ལ་གཅིག་ལངས་ན་མི་ཆོག་པ་གང་ཡང་མེད་སྙམ། ྋགོང་ས་མཆོག་དང་ཤིན་ཅང་གི་རང་དབང་འཐབ་རྩོད་པ་ལྕམ་རཱ་བྷི་ཡ་ཁེ་ཌར་གཉིས་དབར་ལོ་མང་པོའི་སྔོན་ནས་འབྲེལ་བ་ཡོད་ལ། ཉེ་དུས་ཟླ་བ་༧ ཚེས་༢༩ ཉིན་ྋགོང་ས་མཆོག་གིས་པཱོ་ལན་ཌིའི་ནང༌། ལྕམ་རཱ་བྷི་ཡ་ཁེ་ཌར་གྱི་ལངས་ཕྱོགས་དང་པོ་དེ་འཚེ་མེད་ཞི་བ་ཡིན་ལ། གཉིས་པ་དེ་ཁ་བྲལ་རྩོད་ཀྱི་མིན་ཞེས་བརྗོད་བྱུང་བས། རྒྱ་ནག་གཞུང་གི་ངོས་ནས་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད་པ་རེད།
    བོད་གཞུང་གིས་རྒྱུན་སྐྱོང་བྱེད་བཞིན་པའི་བོད་རྒྱ་གྲོས་མོལ་དང༌། ཤིན་ཅང་གིས་རྩོད་བཞིན་པའི་གྲོས་མོལ་གཉིས་ལ་ཚད་མཐོ་དམན་གྱི་ཁྱད་པར་ཡོད་ནའང་ཆ་འདྲ་བའི་རིགས་མང་པོ་ཡོད་པས། བོད་དང་ཤིན་ཅང་གཉིས་ཀས་རང་ཉིད་ཀྱི་དགོས་དོན་དེ་འཛམ་གླིང་ལ་ཤེས་སུ་འཇུག་དགོས་ན། གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་དེ་རྒྱ་ནག་གཞུང་གིས་བདེ་སྐྱིད་ཡིན་ཚུལ་གྱི་འཁྱོག་བཤད་བྱེད་པའི་ཉིན་མོ་སྟེ། རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། ས་གནས་གང་སར་ཡོད་པའི་བོད་མི་ཚོས་དོ་སྣང་བྱས་ནས་ངོ་རྒོལ་གྱི་ལས་འགུལ་ཚད་ལྡན་ཞིག་མ་སྤེལ་ན། རང་བཙན་ཤོར་ནས་མི་ལོ་ལྔ་བཅུའི་དྲན་གསོའི་ལོ་འདི་ཞི་འཇམ་ངང་རྫོགས་བཞིན་འདུག་པས་དེ་དོན་ཚང་མས་དོ་སྣང་བྱེད་དགོས་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།