གཏམ་གླེང་ཟུར་གསུམ་མ།
བློ་བཟང་རྒྱ་མཚོ། དྷ་ས།
མི་རྣམས་ཀྱི་དགའ་སྡུག་དང་ཕྱོགས་འབྱེད་ཀྱི་ལངས་ཕྱོགས་ལས་དྲང་བདེན་དང་གཡོ་སྒྱུ། ཉམས་རྒུད་དང་འཕེལ་རྒྱས་སོགས་དབྱེ་འབྱེད་དཀའ་བའི་འཚུབ་ཆ་ཞིག་གི་གྲིབ་གཟུགས་ཉིན་ལྟར་ངའི་མདུན་གྱི་བཀག་རྡོར་གྱུར་འདུག་མོད། ཉམས་རྒུད་དང་འཕེལ་རྒྱས། གཡོ་སྒྱུ་དང་དྲང་བདེན་རྒྱབ་སྤྲོད་ཀྱི་ཆབ་སྲིད་ལངས་ཕྱོགས་གཉིས་ཀྱི་བཙིར་གནོན་བར་མི་སུ་ཡིན་རུང་དྲང་ལྡོག་གང་ཐད་ནས་དམིགས་བསལ་གྱི་ཉམས་མྱོང་ངེས་ཅན་ཞིག་ཐོབ་ཡོད་པ་ནི་སྨོས་མེད་རེད།
ང་ཚོ་སྤྱི་སྒེར་སུ་ཡིན་རུང་ངེས་པར་འོས་འགན་རེ་ཡོད། འོས་འགན་དེ་ནམ་རྒྱུན་གང་ཟག་སྒེར་སོ་སོར་སྤྱི་ཚོགས་ཀྱི་འཚོ་བར་མྱོང་གོམས་སོང་བ་དམིགས་ཡུལ་ངེས་ཅན་ཞིག་གི་ཁ་ཕྱོགས་ལས་དྲང་བདེན་ཁྲིམས་མཐུན་གྱི་སྒོ་ནས་མི་སོ་སོའི་རྒྱབ་མདུན་གཙང་བཟོ་དང་དཔྱད་ཞིབ་ངེས་ཅན་བྱས་ཏེ་འཚོལ་སྒྲུབ་བྱ་རྒྱུ་དེ་རེད། དེ་ནི་ཆེས་རྙོག་ཟིང་ཆེ་ལ་ཁྲིམས་མཐུན་མ་ཡིན་པའི་ཀླད་རྙིང་མཁྲེགས་བཟུང་བྱ་མཁན་དང། གོམས་གཤིས་རྒྱུན་འཁྱོངས་བྱེད་མཁན་གྱི་མི་སྣ་དག་གིས་རུལ་དྲི་ཁ་བའི་ལྟེབ་གཉེར་བར་ནས་ཧ་ཅང་ཐག་གཅོད་དཀའ་བའི་བྱ་གཞག་ཅིག་དེ་བས་ཀྱང་རེད། ཕྱོགས་གཞན་ཞིག་གི་སྒོ་ནས་བསམ་སྟེ་ཅུང་ཙམ་གླེང་ན་རུལ་དྲི་ཁ་བ་ཞེས་པ་ནི་ལྐོག་ཟ་རུལ་སུངས་ཞེས་པ་དེ་རེད། དེ་ནི་མིའི་འདོད་འདུན་གྱི་དམིགས་གཞི་སྤྱི་ཚོགས་འཚོ་བའི་ཚད་ལས་བརྒལ་ཏེ་མིའི་ཡང་དག་པའི་བསམ་འདུན་ཀུན་སྤྱོད་དང་ཤེས་ཡོན་སོགས་བེད་སྤྱོད་ལོག་པར་བཏང་སྟེ། འདུ་ཤེས་བཙོག་བསྒྱུར་གྱི་བྱེད་ལས་ངན་པས་ནམ་རྒྱུན་རང་ཉིད་དང་རང་སོ་སོའི་ཁོར་ཡུག་བདག་གཅེས་དང་དོ་ཚགས་ནན་མོ་བྱ་མཁན། ད་དུང་ཁྲིམས་མཐུན་མ་ཡིན་པའི་ལོག་འཚོ་བར་སྐུལ་འདེད་གཏོང་མཁན། སྦས་སྐུང་འགེབ་སྲུང་བྱ་མཁན་སོགས་ལ་རུལ་དྲི་ཁ་བའམ་ལྐོག་ཟ་རུལ་སུངས་ཞེས་ཟེར། ཐབས་སྐྱོ་བའི་གནས་སྟངས་དེ་དག་གི་རིགས་ནི་རྒྱལ་ཁབ་དང་ཚོགས་སྡེ་མི་རིགས་སོགས་གང་དང་གང་གི་ནང་དུ་བྱུང་དང་འབྱུང་སྲིད་པ་ཞིག་རེད་ལ། རང་སྒེར་གྱི་ལྟ་ཚུལ་གྱིས་དཔྱད་ན་རྒྱལ་ཁབ་ཀྱི་གྲུབ་ཆར་གནོད་སྐྱོན་བཟོ་མཁན་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་རྡོ་བཟོ་མཁན་སོགས་ནི་ཆེས་ཉེན་ཚབས་ཆེ་བའི་གལ་གནད་ཉག་གཅིག་རེད། གང་ལྟར་ང་ཚོ་བོད་ཀྱི་སྤྱི་ཚོགས་སུ་ཉུང་ཤས་ཞིག་ལས་བྱུང་ཡོད་ཚོད་མི་འདུག་མོད། ཆུ་མ་ཡོང་གོང་ནས་ར་བ་དང། རྐྱེན་མ་ཡོང་སྔོན་གྱི་བཟློག་པ་ཞེས་པའི་དཔེ་ལྟར། མ་འོངས་པར་གནས་ཚུལ་དེ་རིགས་འབྱུང་མི་སྲིད་པ་ཞིག་གཏན་ནས་མིན་པས། ང་ཚོ་བོད་ཀྱི་ཡང་དག་པའི་ཆབ་སྲིད་པ་དང༌། ཁྲིམས་ལུགས་པ། སྨྱུག་འཛིན་པ་ཚོས་དམིགས་ཡུལ་གཅིག་ལྕོག་དང་དམིགས་འབེན་གཅིག་ལ་བཙུགས་ཏེ་མ་འོངས་བོད་རྒྱལ་ཁབ་འཛུགས་སྐྲུན་དང༌། བོད་ཀྱི་ཆེས་བླ་ན་མཐོ་བའི་རིག་གཞུང་སྲུང་སྐྱོབས། བསམ་ཤེས་གུ་ཡངས་དང་བཟོད་སྒོམ། གཞན་ཕན་བདེ་འཇགས་སོགས་འཛམ་གླིང་མི་མང་གི་ཐུན་མོང་མ་ཡིན་པའི་སེམས་ཁམས་སུ་ཞབས་འདེགས་ཞུ་ཐུབ་པའི་ནུས་སྟོབས་རང་ཆས་སུ་ལྡན་པའི་ནང་པའི་ཆོས་ལུགས་སོགས་ཐབས་རྒྱ་བྱུས་སྟོང་གིས་སྲུང་སྐྱོབས་བྱ་རྒྱུ་ནི་གནས་སྐབས་ཀྱི་འོས་བབས་སུ་ཞུགས་པའི་གཟབ་ནན་གྱི་བསམ་གཞིག་དང་འབྲེལ་བའི་དེ་རིང་ཁོ་ནའི་འོས་འགན་ཞིག་དེ་བས་ཀྱང་རེད། ང་ཚོ་བོད་མི་རིགས་ལ་ཞན་ཆ་ཞིག་ཡོད་པ་ནི། ཁ་སང་ལྷ་ཡུལ་ལ་སྐྱབས་བཅོལ་རེ་སྐུལ་དང༌། སང་ཉིན་འདྲེ་ཡུལ་ལ་སྡུག་དམོད་དང་དོགས་ཟོན་བྱས་ཏེ་མིའི་མཐོང་སྣང་དང་བྲལ་བའི་སྣང་ལ་མ་ངེས་པའི་འཆིང་རྒྱ་ལས་གྲོལ་མ་ཐུབ་པར། འཇིག་རྟེན་འདིར་གནས་ཡོད་པ་ནི་ང་ཚོ་ཆོས་ལུགས་པ་དང་ཆབ་སྲིད་པ་གང་དུ་མ་གཏོགས་པའི་སྐྱོན་ཆ་ཞིག་རེད་ལ། དེ་ནི་ཆོས་སྲིད་ཟུང་དུ་འབྲེལ་ཚུལ་གྱི་ལངས་ཕྱོགས་ཤིག་དེ་བས་ཀྱང་མ་རེད་སྙམ། དངོས་ཡོད་ཀྱི་སྤྱི་ཚོགས་འདིའི་ཁྲོད་ནས་ང་ཚོ་བོད་མི་ཚོ་ཆོས་ལུགས་པ་ཡང་དག་ཅིག་ཏུ་ཆགས་མེད་ལ། ཆབ་སྲིད་པ་ཡང་དག་ཅིག་དེ་བས་ཀྱང་ཆགས་མེད། ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་ལ་གོ་བ་གཏིང་ཟབ་ཅིག་ཆགས་དགོས་ན་ཆོས་ཀྱི་གཞུང་ལུགས་ཤེས་དགོས་ལ་ཆབ་སྲིད་ཀྱི་ཁྲིམས་ལུགས་ཤེས་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་མ་འོངས་པའི་འཆི་གསོན་ལ་བསམ་གཞིག་བྱ་མཁན་ཞིག་ཡིན་ཕྱིན་མིག་ཡ་གཅིག་ལ་སྣང་བས་ཕྱོགས་གཅིག་ལེབ་མཐོང་གིས་དཔྱད་ཞིབ་བྱས་ཏེ་རང་དང་རང་ཉིད་ཀྱི་ཁོར་ཡུག་ལ་བདེན་ཁ་ཕྱོགས་རེ་བ་ཞིག་སྤྲོད་སྲིད་པ་ལས་མི་སྤྱི་ཡོངས་ཀྱིས་ཁས་ལེན་དང་བརྩི་བཀུར་ཡོད་པ་ཞིག་ཧ་ཅང་དཀའ༎