ལྷ་ཆོས་དགེ་བ་བཅུ་ཡི་སྐོར།
ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་ལས་བཏུས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༢
འདོན་ཐེངས་སྔོན་མའི་འཕྲོས།
གསུམ་པ་ལོག་གཡེམ། ལུས་ཀྱི་མི་དགེ་བ་གསུམ་པ་ལོག་པར་གཡེམ་པ་ནི། ལོག་པར་གཡེམ་པ་ཞེས་པ་ཁ་སྐད་ལྟར་བྱས་ན་འཆལ་སྤྱོད་བྱེད་པ་སྟེ་རང་གི་བཟའ་ཟླ་མིན་པའི་སྐྱེས་ཕོ་མོ་ལ་ཁྲིམས་དང་མི་མཐུན་པའི་འཁྲིག་པ་སྤྱོད་པ་ལ་ཟེར། འདི་ནི་དམ་པའི་ལྷ་ཆོས་དང་འགལ་བས་སྡིག་ཅན་དང། འཇིག་རྟེན་མིའི་ལུགས་ཡ་རབས་སྤྱོད་བཟང་དང་འགལ་བས་ཁྲིམས་ཀྱི་མདུན་སར་ནག་ཉེས་ཅན་ཡིན། རོང་འབྲོག་གི་རྡུང་རེས་དང་གསོད་རེས་ཀྱི་གྱོད་གཞི་ཕལ་ཆེ་བའི་རྩ་བའང་འདི་ཡིན་པས། སྤྱོད་ངན་འདིའི་རིགས་ཀྱིས་ཁྱིམ་བཟའ་ཚང་གི་བདེ་སྐྱིད་བརླགས་ཏེ་བཟའ་འཛིང་གིས་དུས་འདའ་བའི་མིག་ལྟོས་ངན་པས་བུ་དང་བུ་མོའི་ལུས་སེམས་ཀྱི་འཚར་ལོངས་དང༌།
སྤྱོད་ལམ། སློབ་སྦྱོང་སོགས་ལ་གནོད་པར་མ་ཟད། གྲོང་པ་ཁྱིམ་མཚེས་དང་གྲོགས་པོ་ནང་ཕན་ཚུན་སྡང་དགྲར་འགྱུར་བ། སྡེ་བ་དང༌། ཤོག་ཀ ཡུལ་ལུང་དང༌། རྒྱལ་ཁབ་ཕན་ཚུན་འཁྲུག་པའི་རྐྱེན་རྩའང་བྱེད་མྱོང་ཡོད་པས་ཆེས་མ་རབས་ཀྱི་སྤྱོད་པ་ཡིན།
འདིའི་ཡོང་རྩ་ནི། དང་པོ་ནས་རྒན་པ་ཚོས་ཁ་ཏ་བསླབ་བྱ་བརྒྱབ་མ་ཐུབ་པ། རྒྱུན་དུ་གྲོགས་ངན་པར་འགྲོགས་པ་དང༌། ཆང་རག་འཐུང་བ། ཤོ་དང་མ་གྱང་རྩེ་བ་སོགས་སྤྱོད་ངན་ལང་ཤོར་བྱས་པའི་འབྲས་བུ་ཡིན། རང་གི་བཟའ་ཟླ་ཡིན་ནའང་གནས་མ་ཡིན་པ་ལྷ་ཁང་དང༌། སྐུ་གསུང་ཐུགས་རྟེན་དང་སྐྱབས་ཡུལ་གོང་མ་རྣམས་བཞུགས་སའི་ཉེ་འཁྲིས། དུས་མ་ཡིན་པ་ཉ་སྟོང་བརྒྱད་གསུམ་གྱིས་མཚོན་དུས་ཆེན་ཁག་ལ་འཁྲིག་པ་སྤྱོད་རྒྱུར་འཛེམས་དགོས། ལུགས་དང་མི་མཐུན་པའི་ཕོ་མོའི་འབྲེལ་བ་འདིས་དེང་སྐབས་སྨན་བཅོས་མེད་པའི་འགོས་ནད་རིགས་རང་ཉིད་ལ་འགོས་ནས་ཕྱི་ལ་ངོ་ཚ་སྟེ་ཤོད་མི་ཐུབ་པས་སེམས་ཁོང་དུ་ཆུད་པར་མ་ཟད། བཟའ་ཟླ་བུ་ཕྲུག་དང་བཅས་པར་རང་ཉིད་ཀྱི་ནད་ངན་བགོས་ཏེ་འགྱོད་བཞིན་དུ་དུས་མ་ཡིན་པར་འཆི་དགོས་པའི་རྐྱེན་རྩའང་སོ་སོའི་སྤྱོད་ངན་འདིས་བྱེད་ཀྱི་ཡོད་དུས་གང་བྱུང་འཆལ་སྤྱོད་བྱེད་མི་ཉན། ཕྱོགས་གཞན་ཞིག་ནས་བཤད་ན་འཆལ་སྤྱོད་ཀྱིས་མི་རིགས་འདྲ་མིན་འདྲེས་བསླད་བྱས་ན་རང་རེའི་མི་རིགས་གཙང་མར་གནས་ཐུབ་པ་ལའང་གནོད་པ་ཆེ།
ལྷག་པར་གཙན་གཡེམ་ནི་ཆེས་མ་རབས་དང་ཐ་ཆད་ཀྱི་ལས་ངན་ཏེ་དུས་ཐུང་ངུའི་ངན་སྤྱོད་ཅིག་གིས་མི་གཞན་གྱི་ཚེ་གཅིག་གི་འགྲོ་སྟངས་དང་འདུག་སྟངས་མི་ཤེས་པའི་སྡུག་བསྔལ་གྱི་མུན་ཁུང་དུ་བཙུད་པར་མ་ཟད། འགའ་ཤས་ཀྱིས་རང་ཤི་རྒྱག་པ། འཁོན་ལན་གསོད་རེས་བྱེད་པ་སོགས་རྐྱེན་ངན་སྣ་ཚོགས་ཤིག་འདིས་འདྲེན་གྱི་ཡོད་པས་བཙན་གཡེམ་ནམ་ཡང་བྱེད་མི་རུང༌། ཆེས་གདུག་རྩུབ་ཅན་འགའ་ཤས་ཀྱིས་རང་གཞན་གྱི་བཙན་གཡེམ་འགེབ་པའི་དོན་དུ་བཙན་གཡེམ་བྱེད་ཡུལ་དེ་གསོད་པ་ནི་མིའི་ལུས་ལ་གཅན་གཟན་གྱི་སེམས་ལྡན་ཡིན་པས་ཆེས་ཐབས་སྡུག་རེད།
ལོག་གཡེམ་གྱི་ནང་ནས་ཆེས་སྡིག་པ་ལྕི་བ་ནི། ཕ་མས་རང་གི་བུ་བུ་མོ་དང༌། བུ་བུ་མོ་རང་གི་ཕ་མར་ལོག་གཡེམ་བྱེད་པ། དེ་བཞིན་དུ་སྤུན་སྲིང་ནང་ཕན་ཚུན་ལོག་གཡེམ་བྱེད་པ། སྐྱབས་ཡུལ་གོང་མ་དང་དགེ་འདུན་པ་ཕོ་མོར་ལོག་པར་གཡེམ་པ་སྟེ་གྲྭ་བཙུན་རྫོག་པ། དེ་བཞིན་དུ་སྐྱབས་ཡུལ་གོང་མ་དང་དགེ་འདུན་པ་ཕོ་མོས་སྐྱེས་ཕོ་མོ་ལ་ལོག་གཡེམ་བྱེད་པ། གྲུབ་རྫུའི་ལུང་བསྟན་དང་དགེ་བ་ཡོད་ཚུལ་ལྟ་བུའི་རྫུན་ཆེན་པོས་ཆོས་དད་འབག་ཏུ་གྱོན་ཏེ་གཞན་མགོ་གཡོག་པའི་འཁྲིག་སྤྱོད་བྱེད་པ། ཆེས་ན་གཞོན་དང་ཆེས་རྒན་པར་ལོག་གཡེམ་བྱེད་པ། གླེན་ལྐུགས་དང༌། དབང་པོ་མ་ཚང་བ། ནད་པ། ནུས་མེད་ཉམ་ཐག སྡོམ་པར་གནས་པ་སོགས་ལ་ལོག་གཡེམ་བྱས་པ་ནི་ལོག་གཡེམ་གྱི་ནང་ནས་སྡིག་པ་ཆེ་ཤོས་ཡིན་པར་མ་ཟད་བོད་མི་རིགས་ཀྱི་ཞབས་འདྲེན་ཡང་ཡིན།
བར་སྐབས་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པར་ཉམས་ཉེས་བསམ་བརྗོད་ལས་འདས་པ་བྱུང་བའི་དབང་གིས་དེང་སྐབས་ཀྱང་གྲྭ་བཙུན་ལོག་མཁན་དང་གྲྭ་བཙུན་རྫོག་མཁན་གཉིས་ཀ་ལ་མང་ཚོགས་ཀྱི་ལྟ་སྟངས་ནི་སྣང་མེད་ལྟ་བུར་གྱུར་པ་དང༌། གྲྭ་ལོག་འགའ་ཤས་ཀྱིས་གྲྭ་པ་ལ་མ་གུས་པ་དང་སྣང་མེད་ལྟ་བུས་སྐྱབས་ཡུལ་དགེ་འདུན་པ་ཞིག་ཡིན་པའི་འདུ་ཤེས་མེད་པས་འགྲོགས་འདྲིས་བྱེད་སྟངས་ངན་པ་ཞིག་དར་བ་འདི་ཤིན་ཏུ་མི་ལེགས། རྒྱུ་མཚན་ནི། དུས་དང་པོར་གྲྭ་བཙུན་ཚོས་སྡོམ་པ་ལེན་དུས། མཁན་པོ་དང༌། སློབ་དཔོན། དགེ་འདུན་པ་དང་བཅས་པ་དཔང་པོར་བཞག་ནས་རང་དབང་གི་སྒོ་ནས་སྡོམ་པ་སྲུང་བའི་དམ་ཚིག་ཁས་ལེན་བྱས་པ་ལས་ཉམས་པའི་དམ་ཉམས་ཡིན་པས་ཉམས་གྲིབ་ཡོད། དེ་སྔོན་མདོ་སྨད་ཀྱི་ཕྱོགས་སུ་བླ་ལོག་དང་གྲྭ་ལོག་གཉིས་ཀས་རང་ངོས་ནས་དང། མང་ཚོགས་ཀྱིས་ཀྱང་དམ་ཉམས་ཡིན་པར་ངོས་འཛིན་བྱ་ཤེས་པས། མང་ཚོགས་ཀྱི་དཀྱིལ་དུ་དེ་རིགས་ཀྱི་མགོ་འཕང་དམའ་ནའང་དེང་སྐབས་སྣང་མེད་དང་མགོ་འཕང་མཐོ་རུ་སོང་བ་ནི་ཤེས་ཡོན་དང༌། དམངས་གཙོ། བསམ་བློ་སོགས་ཡར་རྒྱས་ཀྱིས་འདྲ་མཉམ་བྱུང་བ་ལྟ་བུའི་ལེགས་ཆ་ཞིག་མིན་པར་བོད་བརྒྱུད་ནང་བསྟན་གྱི་མགོ་འཕང་དམའ་རུ་འགྲོ་བཞིན་པའི་ལྟས་ངན་ཞིག་ཡིན། དམ་ཉམས་ཚོས་འགྱོད་བཤགས་ཡང་དག་པ་ཞིག་མ་བྱས་ན་ལས་ངན་བྱས་པའི་འབྲས་བུར་རང་གཞན་ཀུན་ལ་དམ་ཉམས་ཀྱི་གྲིབ་ཕོག་པ་དང༌། བསྟན་ལ་དད་ཅིང་དགའ་བའི་ཆོས་སྐྱོང་སྲུང་མ་མནོལ་བའི་འཁོན་གྲིབ་ཡོང་བས་བྱ་བ་ལམ་འགྲོ་མེད་པ་དང་བཀྲ་མི་ཤིས་པ་གཅིག་མཇུག་གཉིས་མཐུད་ཀྱི་ཡོང་སྲིད། དེ་བཞིན་དུ་གྲྭ་པ་དང་བཙུན་པ་རྫོག་མཁན་གྱི་ཁྱིམ་པ་ཕོ་མོ་ནི་སྨད་ཚོང་མ་དང་ཁྱད་མེད་པའི་ཆེས་བཙོག་གྲིབ་ཅན་ཡིན། གྲྭ་པ་དང་བཙུན་མ་རྫོག་མཁན་ཞེས་པའི་མིང་ཆད་ངན་པ་ཅན་གྱི་ཁྱིམ་པ་ཕོ་མོ་དེ་ཚོའི་སྤྱོད་ལམ་ནི་ཆེས་ཐ་ཞན་གྱི་འཆལ་སྤྱོད་ཅིག་ཏུ་བརྩི་སྲོལ་ཡོད་པས་གྲྭ་པ་ལོག་པ་དང་རྫོག་པ་གཉིས་ཀ་ཡ་རབས་སྤྱོད་བཟང་ཅན་གྱི་འཇིག་རྟེན་མིའི་ལུགས་དང་མི་མཐུན་པའི་ཕོ་མོའི་འབྲེལ་བ་སྟེ་ལོག་གཡེམ་སྡུག་ཤོས་ཡིན་པས་སྡིག་པ་ལྕི། མི་ཐོག་གསར་རྙིང་བརྗེས་དུས་ན་གཞོན་ཁག་ཅིག་གིས་མ་ཤེས་པའི་དབང་གིས་སྤྱོད་པ་ངན་པ་དེ་འདྲར་འཇུག་པའང་ཡོད་སྲིད་པས། ཁྱིམ་པ་ཕོ་མོ་ཡ་རབས་ཤིག་ཡིན་ན་གྲྭ་པ་དང་བཙུན་མ་རྫོག་པའི་འཆལ་སྤྱོད་ངན་པ་འདི་འདྲ་ནམ་ཡང་བྱེད་མི་རུང་ཞེས་མི་སྐྱ་ཕོ་མོ་རྒན་པ་ཚོས་ཁ་ཏ་བསླབ་བྱ་ཡང་ཡང་བྱས་ཏེ་ཤེས་པར་བྱེད་དགོས་པའི་འགན་ཡོད། རང་རེའི་མཐའ་མཚམས་ཀྱི་ལུང་ཁུག་རེ་ཟུང་ནང་སྤུན་སྲིང་མི་ཐོག་གཉིས་པ་ཚ་བུ་དང་ཚ་མོ་རྣམས་གཉེན་སྒྲིག་བྱེད་པའི་སྲོལ་ངན་རེ་ཟུང་ལུས་འདུག་པ་ནི་གདོད་མའི་སྐབས་ཀྱི་ཀློ་པའི་སྤྱོད་ཚུལ་ཞིག་ཡིན་སྲིད། དེ་ནི་ལུགས་དང་མི་མཐུན་པའི་མ་རབས་ཀྱི་སྤྱོད་པ་སྟེ་ལོག་གཡེམ་ཡིན་པས་ངོ་ཚའི་གནས་ཡིན། ལུགས་སྲོལ་འདི་འདྲ་ཡོད་ཅེས་ཕྱི་མི་ཕར་ཞོག་བོད་མིའི་ནང་དུ་བཤད་ནའང་ངོ་ཚ་དགོས་པ་ཞིག་རེད། འདི་འདྲ་བའི་སྲོལ་རྒྱུན་གྱིས་ནང་མིའི་ཆིག་སྒྲིལ་ལ་ཕན་ཞེས་བཤད་སྲོལ་ཙམ་ཞིག་ཡོད་ནའང་དེའི་བུ་རྒྱུད་ཀྱི་ལུས་དང་ཀླད་པའི་ཆགས་སྟངས་ཞན་པས་གཟུགས་བཟོ་ལྟ་ངན་ཞིང་དབང་པོ་མ་ཚང་བར་སྐྱེ། དབང་པོ་ཚང་ནའང་བསམ་བློའི་གནས་ཚད་ཤིན་ཏུ་སྐྱོ་བས་བོད་མིའི་རིགས་རྒྱུད་ལའང་གནོད་པས་ད་ཕྱིན་ཆད་གཉེན་སྒྲིག་འདིའི་རིགས་བྱེད་མི་ཉན། འདི་ནི་བདུན་བརྒྱུད་མི་གཙང་བ་ཡིན་པས་དེའི་རིགས་ལ་སྐྱེས་བུ་དམ་པ་འཁྲུངས་མི་ཐུབ་ཟེར། བདུན་བརྒྱུན་ནི་རང་ནས་ཡར་མར་མི་བརྒྱུད་བདུན་ནང་ཁུལ་ཉེ་ས་ནང་མ་ཡིན་པའི་མི་བརྒྱུད་བདུན་དེའི་ནང་དུ་གཉེན་བྱས་ན་ལོག་གཡེམ་དང༌། མ་རབས་ཀྱི་སྤྱོད་པ། ངོ་ཚའི་གནས་ཡིན་པས་མི་རུང༌། དཔེར་ན། རོང་པའི་འབྲུ་རིགས་ཀྱི་ས་བོན་དང་འབྲོག་པའི་སེམས་ཅན་གྱི་རྒྱུད་པ་བརྗེ་ལེན་མ་བྱས་ན་ཐོན་སྐྱེད་ངན་དུ་འགྲོ་བ་འདིས་ཀྱང་ལས་སླ་པོར་ཤེས་ཐུབ།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།