རང་སྐྱོང་ཨེ། བསམ་བློ་བསྐྱར་དུ་ཐོངས་ཞེས་པར་ལན་འདེབས།
འབུམ་རམས་པ་བློ་བཟང་སེང་གེ།
ཕ་ཡུལ་དྲ་རྒྱའི་ནང་དུ་༢༠༠༩ ཟླ་༧ ཚེས་༢༠ ཉིན་བཀོད་པ། ཨེ་ལི་ཨོ་ཊིས་པེར་ལིང་གི་རང་སྐྱོང་ཨེ། བསམ་བློ་བསྐྱར་དུ་ཐོངས། ཞེས་པའི་ཆེད་རྩོམ་གྱིས་རྩ་བའི་བྱེད་ནུས་ཀྱི་ཆ་ནས་རང་ཉིད་ཡུལ་ལུང་སོ་སོའི་ཁྲིམས་ལུགས་ཐད་ཤེས་རྨོངས་ཅན་ཞིག་ཡིན་པ་ཁུངས་སྐྱེལ་ར་སྤྲོད་བྱུང་བ་རེད། ཁོང་རང་གིས་གནས་ལུགས་ཡོད་རྒུ་ཤེས་ཤིང་དྷ་རམ་ས་ལ་ནས་གང་ཡང་ཤེས་ཀྱི་མེད་པའི་ཁེངས་སྤོབས་དེར་ཨེཊ་ཝར་ཌ་སེ་ཊི་དུར་ས་ནས་རོ་ལངས་བརྒྱབ་ནས་འཁྱམ་དགོས་པ་ལྟ་བུར་གྱུར་ཡོད་པ་རེད། ཁོ་རང་གི་སྒེར་གྱི་ཞིབ་བཤེར་གྱིས་ཀྱང་པེ་རི་ལིང་གི་ཆེད་རྩོམ་དཔྱང་གློག་ནང་གི་སྦྲུལ་ཆེན་(anaconda in the chandelier)ཞེས་པ་དང་གཅིག་མཚུངས་སུ་གྱུར་ཡོད།
ཕྱོགས་གཅིག་ནས་སི་པེར་ལིང་གིས་རྩོད་གླེང་བྱེད་རྒྱུར། ཏཱ་ལའི་བླ་མས་ཚིག་ཐག་ཆོད་པོའི་ངང་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་རྩོད་ལེན་བྱེད་པར་འབད་པ་ནི་འགྲུབ་ཐབས་མེད་པའི་འཁྲུལ་སྣང་ཞིག་ཡིན། རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་ལ་གནད་ཆེ་དོན་ཆེན་དུ་མི་བརྩི་མོད། ཁོ་ཚོའི་ཆབ་སྲིད་ཀྱི་དགོས་དམིགས་སྒྲུབ་ཆེད་མེད་ཐབས་མེད་པའི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད། ཡང་ཕྱོགས་གཞན་ཞིག་ནས། ཕྱི་ཟླ་བཞི་པའི་ནང་༼དོན་དངོས་ཕྱི་ཟླ་གསུམ་པ༽ དུ་མཱ་རོང་གིས་བཏོན་པའི་རྒྱ་ནག་གི་རྩ་ཁྲིམས་ཐོག་བགྲོ་གླེང་བྱས་པ་དེ་རྒྱ་ནག་གིས་བོད་ལ་བསྟར་བའི་སྲིད་ཇུས་ལ་གནད་དོན་གལ་ཆེན་པོ་ཡིན་པར་འདོད་ཀྱི་ཡོད་པ་རེད། གལ་ཏེ་རྒྱ་ནག་གཞུང་གིས་ཁྲིམས་དེ་གནད་དོན་གལ་ཆེན་ཞིག་ཏུ་བརྩི་ཡི་མེད་ན། མཱ་རོང་གིས་བགྲོ་གླེང་གང་འདྲ་ཞིག་འགོ་བརྩམས་མིན་ལ་སུས་དོ་སྣང་བྱེད་དམ། གལ་ཏེ་སི་པེར་ལིང་གིས་གང་བཤད་པ་རྣམས་བདེན་པ་ཡིན་ན། རྒྱ་ནག་གཞུང་གིས་ད་ལྟའི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ལུགས་སྟབས་བདེའི་ངང་རྩིས་མེད་གཏོང་ཐུབ། ཁྲིམས་ལུགས་རང་སྣང་གང་དྲན་གྱི་ལག་ཆ་ཙམ་ཞིག་ཡིན་པའི་དབང་དུ་བཏང་ན། ཡང་བགྲོ་གླེང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དོན་དངོས་ཐོག་སི་པེར་ལིང་གིས་གླེང་མོལ་གི་གནད་དོན་གལ་ཆེན་དེ་ག་རང་ཁྲིམས་ཀྱི་སྐབས་དོན་འབྲེལ་བ་ཡོད་མེད་གླེང་བ་ཞིག་ཡིན་ཞེས་རྩོད་ཀྱི་ཡོད།
སི་པེར་ལིང་གིས་མཱ་རོང་གི་རྒྱུ་མཚན་ལུང་འདྲེན་བྱས་ཏེ་བརྗོད་དོན། རྒྱ་ནག་གི་རང་སྐྱོང་ཁྲིམས་ལུགས་བརྟེན་ནས་གྲངས་ཉུང་མི་རིགས་ཀྱིས་སོ་སོའི་ས་ཁུལ་ལས་གཞན་རྣམས་ཟུར་འཕུད་བྱེད་རྒྱུའི་སྐུལ་མ་དང། དེ་བཞིན་གྲངས་ཉུང་མི་རིགས་རྣམས་ལ་སོ་སོའི་ཐུན་མིན་གྱི་སྐད་ཡིག་དང་ཆོས་ལུགས། གོམས་སྲོལ་སོགས་ལ་དམིགས་བསལ་ཁེ་དབང་སྤྲད་ཡོད་པ་རེད། མདོར་ན། ད་ལྟའི་ལམ་ལུགས་ཀྱིས་གྲངས་ཉུང་མི་རིགས་རྣམས་ལ་ཁོང་ཚོ་རྒྱ་མི་ཡིན་པའི་ཚོར་སྣང་མེད་པའམ་ཚོར་སྣང་ཅུང་ཟད་ཀྱང་སྟེར་གྱི་མེད་པ་རེད། དེར་བརྟེན་དྷ་རམ་ས་ལའི་གཞུང་གིས་བོད་ཀྱི་གནད་དོན་དེ་མི་རིགས་ཀྱི་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་རྩོད་ལེན་བྱེད་རྒྱུར་འབད་པ་དེ་ཁྲིམས་མཐུན་དུ་གྱུར་ཡོད། གང་ཡིན་ཟེར་ན་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པས་ཀྱང་དེ་ལྟ་བུ་རྩོད་གླེང་བྱས་ཡོད་ལ། བོད་ཀྱི་ངོ་བོ་ཉར་ཚགས་དང་སྲུང་སྐྱོབ་བྱ་རྒྱུ་དང༌། ནང་གི་འཛིན་སྐྱོང་ཁྱད་པར་ཅན་ཆ་ཚང་ལག་བསྟར་བྱ་རྒྱུར་རྩོད་རྒྱུ་དེ་རེད།
སི་པེར་ལིང་གིས་ང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང། སྐལ་བཟང་རྒྱལ་མཚན་གཉིས་དང་ལྷན་དུ་སྦྱར་ཡོང་སྐབས། ཁོས་རང་ཉིད་ཀྱིས་ཡུལ་སོ་སོའི་ཁྲིམས་ཤེས་ཀྱི་མེད་པ་གསལ་སྟོན་བྱས་ཡོད། དང་པོ། ངས་བཙན་བྱོལ་བོད་གཞུང་གི་བསམ་ཚུལ་ལ་ཤུགས་སྣོན་བྱེད་ཀྱི་མེད། མ་ཟད་གླེང་སྟེགས་མི་ཉུང་བ་ཞིག་ནང་སི་པེར་ལིང་ཁོ་རང་དང་ལྷན་དུ་ངས་དཔེར་ན་<<གྲུབ་འབྲས་མེད་པའི་བྲེལ་ཟིང་>><<གྷོ་ཌོ་ལ་རེ་སྒུག>>སོགས་དེ་ལྟ་བུའི་ཟུར་ཟའི་མགོ་བརྗོད་འོག ཞི་མོལ་གྱི་འབད་བརྩོན་དེ་ལ་སྐྱོན་འཛུགས་ཀྱི་དཔྱད་ཞིབ་བྱས་ཡོད། ལྷག་པར་དུ་ཁོང་གིས་ཧ་ཅང་གསལ་པོར་ཤེས་པ་ཞིག་ནི། ང་དང་མཱ་རོང་རྒྱུས་མངའ་ཡོད་པ་དང༌། སྐབས་དུ་མར་མཱ་རོང་དང་ངེད་གཉིས་བོད་དོན་སྐོར་བགྲོ་གླེང་བྱེད་མྱོང་བ། མཱ་རོང་དང༌། ཨེ་ལི་ཨོ་ཊི་སི་པེར་ལིང་གཉིས་ཀ་ཚོགས་ཞུགས་བྱེད་མྱོང་བའི་ཧ་ཝར་ཌིའི་ཚོགས་ཆེན་སོགས་རེད། དོན་དངོས་ཐོག་མཱ་རོང་གི་ལྟ་བ་དེ་གསར་པ་ཞིག་མིན་ལ། དེ་ནི་ཕྱི་ལོ་༢༠༠༧ ལོར་རྩོམ་ཡིག་ཅིག་དབྱིན་ཡིག་ཐོག་ནས་སྤེལ་ཟིན་པས། སི་པེར་ལིང་གནད་དོན་འདིའི་ཐད་རྗེས་སུ་ལུས་ཡོད་པ་ར་སྤྲོད་བྱས་ཡོད། གལ་ཏེ་ཨེ་ལི་ཨོ་ཊིས་ངའི་རྩོམ་ཡིག་དག་བཀླགས་ཡོད་ན། ངས་བོད་ནང་གི་གནས་སྟངས་ལ་དཔྱད་ཞིབ་བྱས་པ་དེ་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བའི་ཐོག་འགལ་ཟླ་ཐེར་འདོན་དང༌ཁྲིམས་ལ་རྩིས་མེད་བཏང་བ་བཅས་ཀྱི་སྐོར་མང་བ་མཐོང་ཡོད་ངེས། དཔེར་ན། དཔྱད་རྩོམ་གྱི་མགོ་བརྗོད།<<རྒྱ་ནག་གི་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་དང་བོད།>> <<རང་སྐྱོང་དང་གཅིག་གྱུར་བར་གྱི་སྔ་ཚིག་ཕྱི་འགལ>>ཞེས་པའི་རྩོམ་ཡིག་ནང༌། ངས་རྩོད་བསྡད་པ་ཞིག་ནི། ག་དུས་རང་སྐྱོང་དང་གཅིག་གྱུར་བར་འགལ་ཟླ་ཞིག་བྱུང་བའི་སྐབས་སུ། མང་ཆེ་བ་གཅིག་གྱུར་གྱིས་རང་སྐྱོང་ལ་ཕམ་ཁ་སྤྲོད་ཀྱི་ཡོད་པས། རང་སྐྱོང་དེ་ཁྲིམས་དང་མཐུན་གྱི་མེད་པ་ཞིག་བརྗོད་ཀྱི་ཡོད་པ་རེད།
སི་པེར་ལིང་གིས་ཁ་གསལ་པོའི་ཐོག་ནས་བཤད་པ་དང་མི་མཐུན་པར། ངས་རྒྱ་ནག་གི་ཁྲིམས་ལུགས་ལ་སྒེར་གྱིས་དཔྱད་ཞིབ་བྱས་པའི་རྩོམ་ཡིག་གི་མགོར་ཝག་ཀི་ལེབ་ཧ་ཝེལ་གྱི་ཡོ་རོབ་ཤར་མའི་གསར་བརྗེའི་སྐོར་བྲིས་པའི་རྩོམ་ཡིག<<སྟོབས་ཤུགས་མེད་པའི་སྟོབས་ཤུགས་>>ཞེས་པ་དེ་གླེང་ཡོད། ཧ་ཝལ་གྱིས་གདུག་རྩུབ་དང་བཙན་གནོན་ཇི་ཙམ་ཆེ་ནའང། སྲིད་དབང་སྒེར་འཛིན་རིང་ལུགས་པས་ཁྲིམས་བེད་སྤྱོད་བཏང་ནས། སོ་སོའི་བྱ་སྤྱོད་ལ་བདེན་པ་དག་སྐྱེལ་བྱེད་ཀྱི་ཡོད་པར་ཁུངས་སྐྱེལ་ར་སྤྲོད་བྱེད་ཀྱི་ཡོད། རྒྱུ་མཚན་ནི། ཁྲིམས་ལུགས་ནི་ཁོང་ཚོའི་གཡོ་རྫུན་དེ་ཁྲིམས་མཐུན་རང་བཞིན་བཟོ་བར་གལ་འགངས་ཆེན་པོ་ཡིན་པས་རེད། དེར་བརྟེན་<<སྟོབས་ཤུགས་མེད་པའི་སྟོབས་ཤུགས་>>ནི་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པར་ཁྲིམས་ལུགས་དེ་ག་རང་གཅིག་མཚུངས་ཀྱིས་བེད་སྤྱོད་གཏོང་རྒྱུ་དེ་རེད། དེ་ལྟར་བྱེད་སྐབས་ཡང་ན་སྲིད་དབང་ལ་ཁྲིམས་ལུགས་ལག་བསྟར་བྱེད་པའི་སྐུལ་འདེད་བྱས་ནས་བཙན་གནོན་འོག་ཏུ་ཡོད་པ་རྣམས་ཀྱི་རང་དབང་ཐོབ་ཐང་རྣམས་འཐོབ་ཐུབ་པ་དང། ཡང་ན་སྲིད་དབང་སྒེར་འཛིན་པ་དག་གི་གཡོ་རྫུན་མངོན་གསལ་དུ་མཐིལ་བརྟོལ་ནས་ཁྲིམས་མཐུན་དང་ལུགས་མཐུན་རང་བཞིན་ལ་སྣང་ཆུང་བྱས་པར་རྒྱལ་ཁའི་གྲོས་གཞི་ཞིག་ཏུ་འགྱུར་སྲིད་པ་རེད།
ཁྲིམས་ཀྱི་ཞུ་གཏུགས་དེ་ཐབས་ཇུས་ཞིག་ཡིན་པ་ནི། ཡོ་རོབ་ཤར་མའི་རྒྱལ་ཁབ་རྣམས་ཀྱི་ཁྲོད་དུ་གསར་བརྗེའི་རྨང་གཞིར་གྱུར་པ་བཅའ་ཁྲིམས་༧༧ པའི་ནང་དུ་ཝག་ཁེ་ལེབ་ཧ་ཝལ་སོགས་ཀྱིས་ཁ་གསལ་གཏིང་གསལ་ངང་དཔེ་སྟོན་གནང་ཡོད། དེའི་ཡང་སྲིད་དེ་དཔའ་མཛངས་ལྡན་པའི་བོད་ཀྱི་སྙན་ངག་མཁན་དང་རང་དབང་འཐབ་རྩོད་པ་འོད་ཟེར་ཚུད་པའི་རྒྱ་ནག་གི་མཁས་པ་སྟོང་ཕྲག་ལྷག་གིས་ས་ཡིག་བཀོད་པའི་བཅའ་ཁྲིམས་༠༨ ཡིན་པ་དང༌། དེས་ཁྲིམས་ལུགས་བསྒྱུར་བཅོས་བྱ་རྒྱུར་ཞུ་གཏུགས་བྱས་ཡོད་པ་རེད། དེ་བཞིན་དུ་བྱུང་མ་མྱོང་བ་ཞིག་ལ་རྒྱ་ནག་གི་ཁྲིམས་རྩོད་པ་ཚོས་ཕྱི་ལོ་༢༠༠༨ ལོའི་བོད་མིའི་རང་དབང་སྒེར་ལངས་ཐོག་སྙན་ཐོ་དང། བོད་ཀྱི་ཆབ་སྲིད་བཙོན་པ་ལ་མཚོན་ན་དཔེ་མཚོན་གཅིག་ནི། སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་གློད་གྲོལ་གཏོང་ཐུབ་པ་སོགས་ནི་སྟོབས་ཤུགས་མེད་པའི་སྟོབས་ཤུགས་ཀྱི་དཔེ་མཚོན་རེད། དེར་བརྟེན་རྒྱ་ནག་གི་ཁྲིམས་དང་རྩོད་གླེང་རྣམས་རིམ་པ་སྣ་ཚོགས་ལ་བེད་སྤྱོད་འདྲ་མིན་གཏོང་སྟངས་ངོས་འཛིན་བྱེད་རྒྱུ་དེ་དགོས་ངེས་ཤིག་རེད། པེ་རི་ལིང་གིས་མཁས་པ་རྣམས་འཁོན་ལན་ལ་ཞེད་སྣང་གིས་རྒྱ་ནག་ལ་སྐྱོན་བརྗོད་མ་བྱས་པར་སོ་སོའི་ཞིབ་བཤེར་བྱེད་ཀྱི་ཡོད་པ་བྲིས་ཡོད། སི་པེར་ལིང་གི་རྩོམ་ཡིག་ནང། རང་ཉིད་ཀྱིས་ཞིབ་བཤེར་བྱས་པ་ཤུགས་ཆེན་པོ་ཡོད་པ་རེད། རོབ་ཙམ་བལྟས་ན། ཕྱིའི་རྣམ་པ་ལ་རྩོམ་ཡིག་དེ་བོད་མི་རྣམས་ལ་ཤ་ཚ་ཆེ་མདོག་གི་མཐོང་སྣང་ཤར་ཡང༌། ཞིབ་ལྟ་བྱེད་སྐབས་༧ཏཱ་ལའི་བླ་མ་དང་དྷ་རམ་ས་ལར་འབྲེལ་བའི་གནད་དོན་སྐོར་ལ། སི་པེར་ལིང་གིས་ཐ་སྙད་འདི་ལྟར་བེད་སྤྱོད་བཏང་ཡོད། དཔེར་ན་བླུན་རྨོངས། མགོ་འཐོམས་པའི་འཁྲུལ་སྣང༌། ལས་ཀ་བྱེད་ཕྱོགས་ཀྱི་ཆ་ནས་ཡིག་རྨོངས་ཅན། ལོང་འཁྱམ་ལྟ་བུ་རེད།
སི་པེར་ལིང་གི་ཆེད་རྩོམ་དེར་ཁྱེད་རང་ཚོའི་རང་སྐྱོང་འཐབ་རྩོད་དེར་བཀྲ་ཤིས་བདེ་ལེགས་ཡོད་ཅེས་མཇུག་བསྡུས་ཡོད། རྩོམ་ཡིག་དེར་རྒྱ་གཞུང་དང༌། དམར་ཤོག་ཚོགས་པ། རྒྱ་རིགས་མཁས་པ་རྣམས་ཀྱི་སྐོར་ལ་སྐྱོན་འཛུགས་ཀྱི་ཚིག་གཅིག་ཀྱང་མི་འདུག གལ་ཏེ་སི་པེར་ལིང་ཁོང་གིས་བོད་མི་རྣམས་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་ན། བོད་ནང་དུ་རྒྱ་ནག་གི་སྲིད་ཇུས་དང༌། ཡང་ན་གྲུབ་འབྲས་མེད་པའི་འབྲེལ་མོལ་ཐོག་ལ་ཞིབ་བརྟག་གིས་སྐྱོན་འཛུགས་ཚིག་གཅིག་ཀྱང་བཤད་ཐུབ་མེད་པ་དེ་ག་འདྲ་ཡིན་ནམ། འདི་ཤར་གླིང་པའི་ལམ་ལུགས་ཆེས་རྒྱང་ཐག་རིང་ས་ཞིག་ཏུ་དྲངས་སོང་བ་ཞིག་རེད་དམ། ཡང་ན་ཕལ་ཆེར་ཨེ་ལི་ཨོ་ཊི་སི་པེར་ལིང་གིས་དཔྱང་གློག་ནང་གི་སྦྲུལ་ཆེན་ཞིག་མཐོང་གི་ཡོད་པ་འདྲ། །
འདི་ག་གསར་ཁང་གིས་བོད་བསྒྱུར་བྱས།