ལྷ་ཆོས་དགེ་བ་བཅུ་ཡི་སྐོར།

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་ལས་བཏུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༣
འདོན་ཐེངས་སྔོན་མའི་འཕྲོས།

ལོག་གཡེམ་བྱས་པའི་འབྲས་བུ་ནི། ཚེ་འདིར་བཟའ་ཚང་ཕན་ཚུན་ཡིད་ཆེས་མེད་པས་ནང་མི་མཐུན་ཞིང་ལེ་ལན་བདའ་རེས་ཀྱིས་དུས་འདའ་བ་དང༌། བཟའ་འཛིང་ནི་རྒྱུན་མི་ཆད། ཁྱིམ་ཚང་གི་བྱ་བ་ཐམས་ཅད་འཐུས་ཤོར་དུ་འགྲོ་བ། སེམས་ཁམས་མི་སྐྱིད་པས་ཆང་རག་ཐ་མག་སོགས་དུག་རྫས་ངན་པ་བསྟེན་པ་དང༌། ཤོ་བག་རྒྱན་རྩེད་སོགས་བྱ་བ་ངན་པར་འཇུག་པས།

རང་གི་ལུས་སེམས་དང་ཁྱིམ་ཚང་གི་དཔལ་འབྱོར་ལོངས་སྤྱོད་འཕྲོ་བརླག་ཏུ་བཏང་སྟེ་རང་ཉིད་མི་གྲལ་ནས་རིམ་གྱིས་བུད་འགྲོ་བ། འཆལ་སྤྱོད་བྱེད་མཁན་དང་བཙན་གཡེམ་བྱེད་མཁན་སོགས་ཀྱི་མིང་ཆད་ངན་པས་རང་གི་གྲགས་པ་ཉམས་པ། སྐབས་འགར་ལོག་གཡེམ་བྱས་པའི་ཁ་མཆུས་བཙོན་ཁང་དུ་ཚུད་དུས་བཟའ་ཟླ་ནང་མི་དང་བཅས་པ་ངོ་ཚ་ཁ་སྐྱེངས་ཀྱིས་བཟའ་ཚང་ཁ་བྲལ་དུ་འགྱུར་བ། སྲོག་ཉེན་ཆེ་བ། སྨན་བཅོས་མེད་པའི་ནད་ངན་གྱིས་ཟིན་སྲིད་པ་སོགས་ཚེ་འདིར་བདེ་བ་མེད་པར་མ་ཟད། སྐྱེ་བ་ཕྱི་མར་ལོག་གཡེམ་བྱས་པའི་འབྲས་བུར་ངན་འགྲོའི་སྡུག་བསྔལ་མྱོང་དགོས་པ་སྨོས་མེད་ཐོག སྐྱེ་བ་གཞན་དང་གཞན་དུ་མིར་སྐྱེས་ཀྱང་རྒྱུ་མཐུན་གྱི་འབྲས་བུར་ཆུང་མས་མོ་རང་གི་ལུས་མི་བསྲུང་བ་དང༌། བདག་པོའི་འབྲས་བུར་མི་གཙང་བ་དང་དྲི་ང་བའི་ཡུལ་དུ་སྐྱེ་བ་སོགས་ཚེ་འདི་ཕྱི་གཉིས་ཀར་སེམས་མི་སྐྱིད་པ་དང་མི་བདེ་བ་ངང་གིས་འཕེལ་བས་མི་དགེ་བའི་ལས་ཡིན། བོད་མི་ཚོའི་ལུས་བཙུན་པོ་གལ་ཆེ་བས་ལོག་གཡེམ་ནམ་ཡང་བྱེད་མི་རུང༌།
དེས་ན་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང༌། མ་བྱིན་པ་ལེན་པ། ལོག་པར་གཡེམ་པ་འདི་གསུམ་བྱས་ཡོད་ཚེ་ཆོས་ཕྱོགས་ནས་སྡིག་པ་ཡོད་པར་མ་ཟད་འཇིག་རྟེན་མི་ལུགས་ཀྱི་ཁྲིམས་འགལ་ཡིན་པས་ནམ་ཡང་བྱེད་མི་རུང༌། ཀུན་སློང་དགེ་བའི་སེམས་ཀྱིས་ལུས་ཀྱི་མི་དགེ་བ་འདི་གསུམ་སྤངས་ན་མི་ཡ་རབས་ཀྱི་གྲལ་དུ་ཚུད་པར་མ་ཟད་ཆོས་བྱས་པའང་ཡིན་པས་དགེ་བའི་ལས་སུ་འགྲོ།
བཞི་པ་རྫུན་དུ་སྨྲ་བ། ངག་གི་མི་དགེ་བ་བཞིའི་དང་པོ་རྫུན་སྨྲ་བ་ནི། འཇིག་རྟེན་པའི་ཁ་སྐད་དུ་སྐྱག་རྫུན་བཤད་པའམ་རྫུན་བཤད་ནས་མི་གཞན་བསླུས་ཏེ་མགོ་སྐོར་གཏོང་བའི་ཚིག་སྨྲ་བ་ཟེར། རྫུན་ནི་གཙོ་བོ་ཁ་ནས་བཤད་དགོས་ནའང་ངག་གི་རྣམ་འགྱུར་གོ་བྱེད་ཀྱི་རྫུན་ཚིག་ཡི་གེར་བྲིས་པའམ་ལག་བརྡ་སོགས་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་ཀྱིས་མི་གཞན་བསླུས་ན་རྫུན་ཚིག་ཁ་ནས་སྨས་པ་བཞིན་སྡིག་པ་ཆེན་པོ་ཡོད། རང་གཞན་གང་རུང་གི་ཆེད་དུ་མེད་པ་ལ་ཡོད་པ་དང་ཡོད་པ་ལ་མེད་པ། ཡིན་པ་ལ་མ་ཡིན་པར་བཤད་པ་སོགས་བསམ་བཞིན་དུ་འདུ་ཤེས་སམ་བསམ་བློ་བསྒྱུར་ཏེ་མགོ་སྐོར་བཏང་བར་ཕ་རོལ་པོས་ཤེས་སོང་ནའང་རྫུན་དུ་སྨྲས་པའི་སྡིག་པ་ཡོད་པས་མགོ་སྐོར་གཏོང་ཐུབ་དགོས་པའི་ངེས་པ་མེད། དཔེར་ན། རང་གིས་མི་གཞན་ཞིག་ལ་ཡིད་ཆེས་བྱས་ནའང་རང་ལ་མགོ་སྐོར་གཏོང་གི་ཡོད་པ་ཤེས་དུས་སེམས་ལ་གནོད་ཅིང་འཚེ་བའི་སྡུག་བསྔལ་འབྱུང་བ་བཞིན། རང་གིས་རྫུན་བཤད་ནས་བསླུས་པ་ཡིན་པར་ཤེས་སྐབས་གཞན་དེའི་སེམས་ལ་གནོད་ཅིང་འཚེ་བའི་སྡུག་བསྔལ་ཡོང་བས་རྫུན་བཤད་ནས་མགོ་སྐོར་ནམ་ཡང་གཏོང་མི་ཉན།
དེང་སང་དྲན་འཕྲུལ་ཆེ་བ་དང་རྫུན་རྐུབ་གསུབ་མཁས་པོ་ལ་རྒོད་པོར་བརྩི་བ་འདི་ཤིན་ཏུ་ནོར་བ་ཡིན། དེ་བཞིན་དུ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་དང་མི་མཐུན་པའི་བླ་རྫུན་དང༌། གྲྭ་རྫུན། གྲུབ་རྫུན་དང༌། སྔགས་རྫུན། མངོན་ཤེས་རྫུན་མ་ཤོད་མཁན་དང༌། སྐུ་རྟེན་རྫུན་མ། མོ་པ་དང་རྩིས་པ་རྫུན་མ་སོགས་ནི་མི་ཆོས་བླ་མའི་རྫུན་ཏེ་རྫུན་ཆེ་ཤོས་ཤོད་མཁན་ཡིན། གཞུང་སྒེར་གྱི་ལས་བྱེད་རྫུན་མ་དང༌། འགོ་འདྲེན་རྫུན་མ། ཚོང་རྫས་རྫུན་མ་དང་ལད་པོ། དུག་རྫས་སྣ་ཚོགས་ཀྱིས་ཚོང་བྱེད་མཁན། དངུལ་ལོར་རྫུན་མ་དང༌། ཡིག་ཆ་རྫུན་མ་བཟོ་མཁན་སོགས་ནི་དངུལ་ཁོ་ནའི་ཆེད་སྤྱི་སྒེར་གཉིས་ལ་རྫུན་ཆེན་པོས་གནོད་པ་སྐྱེལ་བ་དང་མགོ་སྐོར་གཏོང་མཁན་གྱི་ཁྲིམས་འགལ་ནག་ཉེས་ཅན་ཡིན་པས་འདི་ཚོར་དོགས་ཟོན་བྱེད་དགོས། རྫུན་ཆེན་པོ་ཕར་ཞོག་རྫུན་ཆུང་ངུ་ཞིག་གིས་ཡུལ་ཁམས་ཕུང་ལ་སྦྱོར་བ་སོགས་ལས་ངན་ཚབས་པོ་ཆེ་བསགས་པའི་ལོ་རྒྱུས་ཤིན་ཏུ་མང་བས་རྫུན་ཆེ་ཆུང་གང་ཡིན་ཡང་བཤད་མི་རུང༌།
རྫུན་གྱི་ནང་ནས་ཉེས་པ་ལྕི་ཤོས་ནི། བླ་སློབ་བར་དང༌། དགེ་འདུན་པའི་ནང་ཁུལ། མང་ཚོགས་ནང་ཁུལ་དཀྲུགས་པའི་རྫུན། རང་གི་སྐྱབས་ཡུལ་དང༌། དྲིན་ཅན་གྱི་ཕ་མ། ནང་མི་བཟའ་ཟླ། ཡིད་ཆེས་ཡོད་པའི་གྲོགས་བློས་ཐུབ་སོགས་བསླུ་བའི་རྫུན། ཡང་ན། དབང་པོ་མ་ཚང་བ། གླེན་ལྐུགས། ཆེས་ཉམ་ཆུང༌། ཆེས་ཐ་ཞན་སོགས་ལ་རྫུན་གྱིས་མགོ་སྐོར་བ་ནི་ཐབས་སྡུག་གི་ལས་ཡིན་པས་སྡིག་པ་ལྷག་པར་ལྕི།
རྫུན་བཤད་པའི་འབྲས་བུ་ནི། རྫུན་བཤད་རྒྱུར་གོམས་པའི་འབྲས་བུར་ལུག་རྫི་སྤེན་པའི་སྒྲུང་བཞིན་བདེན་པ་ཞིག་བཤད་ནའང་དེ་ལ་ཆ་འཇོག་མི་བྱེད་པས་རང་ལ་རྣམ་སྨིན་འཁོར་སྲིད། རང་གིས་བཤད་པའི་ཚིག་དེ་བདེན་པ་ཡིན་པའི་དཔང་རྟགས་སུ་མནའ་ཡང་ཡང་སྐྱེལ་དགོས། བདེན་པར་ཤོད་མཁན་ཞིག་གིས་མནའ་མ་བསྐྱལ་ནའང་རྫུན་མི་བཤད་པས་ཆ་འཇོག་བྱེད་མཁན་མང༌། རྫུན་ཤོད་མཁན་ཞིག་གིས་མནའ་ཆེན་པོ་དང་མནའ་མང་པོ་བསྐྱལ་ནའང་བདེན་པར་འཛིན་མཁན་དཀོན་པས་རྒྱུན་དུ་མནའ་སྐྱེལ་བ་ནི་སྡིག་པ་བསགས་པ་ཙམ་མ་གཏོགས་ཡིད་ཆེས་མཁན་མེད།
ང་ཚོའི་ཕྱོགས་འདིར་མནའ་སྐྱེལ་སྟངས་ཀྱི་གོམས་གཤིས་ངན་པ་ཞིག་དར་ཡོད། དཔེར་ན། བླ་མའི་སྐུ། སྐུ་གདུང་གི་སྐུ། དགོན་པ། གསེར་ཡུམ། བཀའ་འགྱུར། དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་བུད། ཕ་མའི་ཤ་ཟ་ཁྲག་འཐུང་ཟེར་བ་ལྟ་བུའི་ཚིག་དམར་རྗེན་རྣ་བས་གོ་ནའང་བཟོད་དཀའ་བའི་མནའ་ཆེན་པོ་གཅིག་མཇུག་གཉིས་མཐུད་ཀྱིས་སྣང་མེད་ལྟ་བུས་སྐྱེལ་སྲོལ་དར་བ་འདི་ཤིན་ཏུ་ནས་མི་ལེགས་པས་དེ་ལྟ་བུའི་མནའ་སྐྱེལ་མི་ཉན། ལྷག་པར་འཇིགས་སྐུལ་ལྟ་བུའི་ཚིག་ངན། དཔེར་ན། འདི་འདྲ་ཞིག་མ་བྱས་ཚེ་གསོད་ཀྱི་མིན་ན་དཀོན་མཆོག་གསུམ། ཟེར་བ་ལྟ་བུའི་དོན་ངན་པ་ཐ་ཆད་འདི་ལྟ་བུར་སྐྱབས་གནས་བླ་ན་མེད་པ་དེ་དག་གི་མཚན་སོགས་ལོག་པར་བེད་སྤྱད་ནས་མནའ་བསྐྱལ་ན་ཆེས་མ་རབས་ཡིན་པས་སྡིག་པ་ཤིན་ཏུ་ཆེ། གལ་སྲིད་རང་གི་རྫུན་རྐུབ་སྲུང་བའི་ཆེད་དུ་མནའ་བསྐྱལ་ཡོད་ཚེ། མནའ་ཟོས་པའི་སྡིག་པ། རྫུན་བཤད་པའི་སྡིག་པ། གཞན་མགོ་གཡོག་པའི་སྡིག་པ། དཀོན་མཆོག་གི་མཚན་ལོག་པར་བེད་སྤྱོད་བྱས་པའི་སྡིག་པ་སོགས་ཉེས་པ་མང་པོ་དུས་གཅིག་ཏུ་ཡོང་བས་མནའ་སྐྱེལ་རྒྱུར་འཛེམས་ཟོན་བྱས་ཏེ། བདེན་པ་གང་མང་མང་བཤད་ཐུབ་ན་ཆོས་ཁས་ལེན་མིན་སུ་ཡིན་ཡང་རུང་མི་དེ་དྲང་པོ་དང་བདེན་པ་ཤོད་མཁན་ཞིག་ཡིན་ཞེས་མང་ཚོགས་ནང་མཐོང་དང་ཆ་འཇོག་བྱེད་མཁན་མང་བ་ཡོང་བས་རང་ལ་ཁེ་ཆེ། དེས་ན། མནའ་དང་དམ་བཞག་སྲོག་ལྟར་གཅེས་པར་འཛིན་ཞེས་གསུང་སྲོལ་ཡོད་པས་རྒྱུན་དུ་རྫུན་བཤད་པ་དང༌། མགོ་སྐོར་གཏོང་བ། གང་བྱུང་དུ་མནའ་སྐྱེལ་མི་ཉན་ཞེས་རྒན་པ་ཚོས་བསླབ་བྱ་ཡང་ཡང་རྒྱག་དགོས།
ལྔ་པ་ཕྲ་མ་བཤད་པ། ངག་གི་མི་དགེ་བ་གཉིས་པ་ཕྲ་མ་ནི། འཇིག་རྟེན་པའི་ཁ་སྐད་ལྟར་བྱས་ན་ཕུང་བརྒྱབ་པའམ་ནང་ཁུལ་དཀྲུག་ཤིང་གི་སྐད་ཆ་བཤད་པ་ལ་ཕྲ་མ་ཟེར། ཕུང་རྒྱག་འདོད་ནས་མཐུན་པོ་དང་འཆམ་པོ་ཡོད་མཁན་ཞིག་མི་འཆམ་པར་བཟོ་བ་དང༌།  མཐུན་པོའམ་འཆམ་པོ་མེད་མཁན་ཞིག་ལྷག་པར་མི་འཆམ་པའི་ཆེད་ཕུང་བརྒྱབས་ན་ཕྲ་མ་ཡིན་པས་ཆོས་དང་འགལ་བར་མ་ཟད། འཇིག་རྟེན་མིའི་ལུགས་ཡ་རབས་སྤྱོད་བཟང་དང་འགལ་བས་མ་རབས་ཐ་ཆད་ཀྱི་བྱ་བ་ཡིན། ཕུང་རྒྱག་བྱེད་ཀྱི་ཚིག་ལ་བདེན་རྫུན་དང་ཚིག་སྙན་མི་སྙན་གྱི་ཁྱད་པར་མེད་པར་ཕ་རོལ་པོས་ཕུང་བརྒྱབས་པར་གོ་སོང་ནའང་ཕྲ་མ་བཤད་པའི་སྡིག་པ་ཡོང་བས་ཕུང་ཁར་གཏུག་ཐུབ་དགོས་པའི་ངེས་པ་མེད། ཕུང་ཁར་གཏུག་ཐུབ་པ་ལ་རང་ལ་ནུས་པ་ཞིག་དགོས་པས་ཕྲ་མ་ཤོད་མཁན་ལ་ནུས་པ་ཡོད་མེད་སྣ་ཚོགས་ཡིན། དེང་སང་མི་དགའ་སའི་ནང་ཁུལ་ཕུང་ཁར་གཏུགས་ནས་རང་ཕྱོགས་རྒྱལ་ཐབས་བྱེད་པ་ནི་ཆབ་སྲིད་པའི་སྲིད་ཇུས་དང་དེ་ལྟར་བྱེད་མཁན་ལ་ཆབ་སྲིད་པ་ཡིན་པར་ངོས་འཛིན་པ་འདི་ཆེས་མ་རབས་ཀྱི་བྱ་སྤྱོད་ནོར་འཁྲུལ་ཅན་ཞིག་ཡིན། རང་ལ་མི་གཞན་ཞིག་གིས་ཕུང་བརྒྱབས་ན་རང་གི་སེམས་ལ་གནོད་ཅིང་འཚེ་བའི་སྡུག་བསྔལ་གྱིས་སེམས་མི་བདེ་བ་ཡོང་བ་བཞིན་དུ། རང་གིས་མི་གཞན་ཞིག་ལ་ཕུང་བརྒྱབས་ན་མི་དེའི་སེམས་ལ་གནོད་ཅིང་འཚེ་བའི་སྡུག་བསྔལ་ཡོང་གི་ཡོད་དུས་མི་དགེ་བའི་ལས་ཡིན་པས་ཕྲ་མ་བཤད་མི་ཉན།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།