ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།
གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༣
འདོན་ཐེངས་སྔོན་མའི་འཕྲོས།
ཡོངས་གྲགས་ལ་བན་བོན་གཉིས་ཀས་རྒྱལ་པོ་འདི་ཉིད་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་པར་འདོད་ཚུལ་གཅིག་པ་ལྟ་བུར་སྣང་ཡང༌། བཞུགས་དོན་ལ་འདོད་ཚུལ་ཅུང་ཟད་མི་འདྲ་བར་ཡོད་པར་མཐོང༌། དཔེར་ན། བན་གྱིས་གོང་བརྗོད་ལྟར་མདོ་སྡེ་ཟ་མ་ཏོག་སོགས་རྒྱལ་པོ་འདིའི་ཕྱག་ཏུ་སོན་པས་ནང་ཆོས་དར་མགོ་ཚུགས་པ་དང༌།
ནང་ཆོས་དར་མགོ་ཚུགས་པའི་བྱིན་མཐུ་དེའི་སྟོབས་ཀྱིས་རྒྱལ་པོ་སྐུ་ཚེ་རིང་དུ་བསྲིངས་པར་འདོད་པ་དང༌། བོན་ལྟར་ན། བོན་གཤེན་རྣམས་ཀྱིས་ཚེ་བསྒྲུབས་མཛད་པས་རྒྱལ་པོའི་སྐུ་ཚེ་རིང་དུ་བསྲིངས་པར་མཛད་ཅེས་ཆོས་ལུགས་ཕན་ཚུན་དབར་རྒྱལ་པོ་དེའི་སྐུ་ཚེ་རིང་དུ་བསྲིངས་དོན་ལ། ཆོས་ཕྱོགས་ནས་འདོད་ཚུལ་མི་འདྲ་བར་ཡོད་ཚོད་འདུག དེའི་སྐོར་ལ་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་གསུང་འབུམ་ནང་དུ་འདི་བཞིན་གསལ་ཏེ། རྒྱལ་རབས་གསལ་བའི་མེ་ལོང་ལས། ཁྲི་དེ་ཐོག་བཙན་གྱི་སྲས། ལྷ་ཐོ་ཐོ་སྙན་ཤལ་ཞེས་བྱ་བ། སོགས་ནས། གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་སྟེ། སྐུ་ལུས་གཅིག་ལ་སྐུ་ཚེ་གཉིས་ཐུབ་ཅེས་གྲགས་སོ། །རྒྱལ་པོ་དེས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ནོ། །ཞེས་དང༌། རྒྱལ་པོ་འདི་ཚེ་རིང་བའི་རྒྱུ་བོན་པོའི་གཤེན་པོ་གསུམ་གྱིས་ཚེ་བསྒྲུབས་བྱས་པའི་ཡོན་ཏན་ཡིན་ཟེར། ཆོས་པས་གཉན་པོ་གསང་བར་མཆོད་པ་བྱས་པའི་ཕན་ཡོན་ཡིན་ཟེར། རྒྱུན་མཚན་འདི་ལྟ་བུས་རྒྱལ་རབས་ཀྱི་སྐོར་ལ་འཐད་མིན་ཇི་སྙེད་བཤད་པ་བྱུང་ངོ༌། །
མདོར་ན་རྒྱལ་པོས་གཉན་པོ་གསང་བར་མཆོད་པ་ཡང་ཕུལ། བོན་གཤེན་རྣམས་ཀྱིས་ཚེ་བསྒྲུབས་ཀྱང་བྱས་པས་གཉིས་ཀའི་ནུས་པས་རྒྱལ་པོ་ཚེ་རིང་བར་བྱུང་ཞེས་ལབ་ན་སྐྱོན་ཅི་འདུག འདི་ཙམ་ལའང་ཕྱོགས་སུ་ལྷུང་བའི་ངན་རྟོག་གིས་བཅིངས་པའི་སྐྱོན་གྱིས་རང་གི་གནའ་བོའི་ལོ་རྒྱུས་ཀྱི་སྐོར་སྤྱི་དང་ཁྱད་པར་རྒྱལ་པོ་ཆེན་པོ་གོང་མའི་མཛད་པ་བཟང་པོའི་བྱས་རྗེས་ཅན་རྣམས་ལ་ཆོས་ཞེས་པ་དང༌། རྒྱ་གར་རྒྱ་ནག་སོག་པོ་སོགས་ཀྱི་ལམ་ལུགས་ཀྱིས་མ་བསླད་པར་བོད་ཀྱི་ལམ་ལུགས་གཙང་མའི་གོམས་གཤིས་ཅན་ཡིན་པ་དེ་དག་ཐམས་ཅད་ལ། ངན་མཚང་དུ་བལྟས་པས་རིམ་བཞིན་བསྐྱུར་ནས་བརྗེད། ད་ལྟ་དངོས་འབྲེལ་གྱི་བོད་ལུགས་ལོ་རྒྱུས་ཁུངས་མ་འཆད་པའི་ཚེ་ཕྱི་ཡི་མིས་ཇི་ལྟར་ལབ་པ་ལ་ཚད་ཐུབ་ཏུ་བྱེད་དགོས་པར་བྱུང་བ་འདིའི་རིགས་ལ་སེམས་ཕམ། ཡིད་སྐྱོ་ངོ་ཚ་བའི་གནས་སུ་མཐོང་ངོ༌།།ཞེས་གསུངས་འདུག
བདུན་པ། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའི་སྐོར་ལ་གླེང་བ། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཞེས་པ་ནི། བོད་ཀྱི་རྒྱལ་རབས་ཉེར་དགུ་པ་ཁྲི་གཉན་བཟུང་བཙན་དང༌། སུམ་ཅུ་པ་འབྲོང་གཉན་ལྡེའུ་བཙན། སོ་གཅིག་པ་སྟག་རི་གཉན་གཟིགས། སོ་གཉིས་པ་གནམ་རི་སྲོང་བཙན་བཅས་རྒྱལ་རབས་བཞི་ལ་ཟེར་བ་ཡིན། རྒྱལ་རབས་སྔོན་མ་རྣམས་དང་མི་འདྲ་བའི་འདི་བཞིས་བོན་ལ་དད་ཞེན་ཆེ་ཙམ་གྱིས་བོན་གྱི་བསྟན་པ་རྒྱས་པར་མཛད་ཡོད་ཚོད་ཀྱིས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཞེས་འབོད་པར་བསམས།
ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའི་དང་པོ་ཁྲི་གཉན་གཟུང་བཙན་ནི། ཡབ་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་དང༌། ཡུམ་རྣོ་བཟའ་མང་པོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས་པར་ངེས་ཏེ། ཏུན་ཧོང་ཡིག་ཆའི་ ང་ཅ་ ༡༢༨༦ ནང་དུ་དེའི་སྐོར་ལ། ཐོ་དོ་སྙ་བརྩན་དང༌། གནོའ་ཟ་མང་པོ་རྗེ་ཇི་དགོས་སུ་བཤོས་པ་འྀ་སྲས། ཁྲྀ་སྙ་ཟུང་བརྩན་ཞེས་འབྱུང༌། དུང་དཀར་ཚིག་མཛོད་ལྟར་ན། རྒྱལ་པོ་འདི་ཉིད་ཕྱི་ལོ་ ༣༣༣ ལོར་འཁྲུངས་སྐད་ཅེས་གསུངས། རྒྱལ་པོ་འདིའི་སྐབས་སུ་བློན་པོ་ནི་རྔོགས་ཀྱི་བུ་དུད་རྗེ་དང༌། ཁུ་འཇུ་ལྷ་བོ་འོག་དཀར་གཉིས་ཀྱིས་བྱས་པ་དང༌། སྐུ་སྲུང་ལ་ཞང་ཞུང་གི་བོན་པོ་མི་ཚེ་ལང་རུང་བྱ་བ་བསྡད་ཅེས་དང༌། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལྟར་ན། རྒྱལ་པོ་འདིའི་རིང་ལ་དམ་པའི་ཆོས་ཅུང་ཟད་བྱུང་བ་དང༌། བློན་པོ་གནུབས་སྨོན་རི་གཟུངས་བཙན་གྱིས་ཆོས་སྤྱད་པས། རྒྱལ་པོ་སྐུ་ཚེ་ཐུང་བ་དང༌། མངའ་རིས་སུའང་ནད་ཡམས་དང་སད་དང་སེར་བ། མི་དགེ་བ་སྣ་ཚོགས་བྱུང་བས་ཆོས་དོར་ཏེ་བོན་སྤེལ་བ་ཡིན་ཟེར། རྒྱལ་པོ་འདིའི་ལོ་རྒྱུས་རྒྱས་པ་མཐོང་རྒྱུ་རང་མེད་ཀྱང༌། རྒྱལ་པོ་འདིའི་ཚེ་ལོ་རིང་པོ་ནི་མ་ཐུབ་པར་བཤད། རྒྱལ་པོ་འདིའི་སྐབས་སུ་རྣོ་ལ་ཞང་དུ་བོས་པས། ཞང་ལ་སྔ་བ་རྣོ་ཡི་རུས་ཡིན་པ་དང༌། དེ་ནས་བཟུང་ཞང་བློན་ཞེས་པ་བྱུང་ཞིང༌། འདིའི་སྔོན་ལ་ཞང་པོ་ལ་ཇོ་བོ་ཞེས་འབོད་ཚུལ་གསལ་ཏེ། དེ་ཡང༌། དུང་དཀར་ཚིག་མཛོད་ལས། སྲས་ཀྱིས་རྣོ་ལ་ཞང་དུ་བོས་པ་ཡིས། ཞང་དུ་རྣོ་ལྔ་རུས་ལ་དེར་མིང་ཆགས། དེ་ཡན་ལ་ཞང་པོ་ལ་ཇོ་བོ་ཞེས་འབོད་སྐད་ཅེས་གསལ་ལོ། །ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་པོ་འདིའི་བློན་པོ་སྦས་ཞང་གཞེར་སྣ་བཙན་དང་མགར་ཁྲི་འབྲིང་གིས་བྱས་ཞེས་འབྱུང་བ་ལྟར། དུང་དཀར་ཚིག་མཛོད་ནང་ལའང་དེ་བཞིན་བཀོད་ཡོད། འོན་ཀྱང༌། དཔལ་དོན་གྲུབ་རྒྱལ་གྱིས། དེའི་ཐད་ལ་འདི་ལྟར་གསུངས་ཏེ། མཁས་པའི་དགའ་སྟོན་དུ། རྒྱལ་པོ་འདིའི་བློན་པོ་སྦས་ཞང་གཞེར་སྣ་བཙན་དང་མགར་ཁྲི་འབྲིང་གིས་བྱས་ཞེས་འབྱུང་བ་ལ་དཔྱད་པར་བྱ་བ་ཡོད་དེ་མགར་ཁྲི་འབྲིང་ནི་བློན་པོ་མགར་སྟོང་བཙན་གྱི་སྲས་ཡིན་ནོ་ཞེས་བརྗོད་འདུག དུང་དཀར་ཚིག་མཛོད་ལྟར་ན། རྒྱལ་པོ་འདིའི་དུས་སུ་བོད་ཀྱི་ཞིང་ས་དང་འབྲོག་ས་འབྲེལ་མཐུད་དང༌། མཚོ་དང་མཚེའུ་ཡུར་བུར་འབྲེལ་སྦྱོར་བྱས་ནས་དེའི་ཆུ་ཞིང་ཁ་ལ་འདྲེན་པའི་སྲོལ་བཙུགས། འབྲོང་བཟའ་མོ་དུར་ཡངས་གཞེར་རམ་འབྲོ་བཟང་དུང་པྱང་བཞེར་བྱ་བ་ཁབ་ཏུ་བཞེས་ཞེས་འཁོད་ཡོད། རྒྱལ་པོ་འདིའི་བང་སོ་ནི་དོན་མདར་བརྩིགས་ཤིང༌། འཕུལ་མེད་པ་ས་ཕུང་བརྡལ་བ་འདྲ་ཞེས་ཟེར་སྲོལ་ཡོད་འདུག།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།