བོད་དོན་ལ་གང་ཡང་ཕན་གྱི་མ་རེད་ཟེར་བའི་བཤད་སྲོལ་དེ་རིགས་མཚམས་འཇོག་གནང་རོགས་ཟེར།

ཆབ་མདོ་བསྟན་པ་ཡར་འཕེལ། རྡ་རམ་ས་ལ།

རྡ་སའི་ནགས་ཀླུང་སྟུག་པོར་སྨུག་སྤྲིན་དང་ཐལ་རྡུལ་གྱིས་གཡོགས་ཤིང་གུ་དོག་པའི་ལམ་འཕྲང་ཀྱག་ཀྱོག་དེའི་ནང་རླངས་འཁོར་མང་པོས་འཚང་ཀ་ཤིག་ཤིག་གིས་ལམ་ཟུར་ནས་རྐང་ཐང་ལ་འགྲོ་མཁན་རྣམས་ལའང་སུན་སྣང་འཕར་མ་རེ་སྟེར་བཞིན་པ་ནི་རྒྱུན་ལྡན་ཞིག་ཡིན་པ་མ་ཟད་ནམ་རྒྱུན་གངས་སྐྱིད་ཀྱི་སྒྲུང་གཏམ་དགའ་ཚལ་ནང་ཁྱོ་ཀ་ལས་ཁུངས་སུ་སོང་རྗེས་སྐྱེ་དམན་མི་བུ་གཞན་ལ་ཉལ་པོ་བྱས་ཤིང༌། ཁྱོ་ཀ་ཕྱི་རྒྱལ་ལ་ཡོད་པའི་ཨ་མ་དེ་ཚོས་རླ་དང་ནུ་མའི་གཡོ་འགུལ་རེ་རེས་རྡ་སའི་ཁོར་ཡུག་གི་ལྷིང་འཇགས་དཀྲོག་པའི་གནས་ཚུལ་ཉུང་ཉུང་མིན་པའི་དངོས་སྒྲུང་མང་པོ་ཞིག་གླེང་རེས་བྱེད་པ་ཡང་སྤྱིར་བཏང་ལྟ་བུ་ཡིན་ཀྱང༌། ཉིན་ཤས་སྔོན་ནས་གངས་སྐྱིད་ཀྱི་སྒྲུང་གཏམ་དགའ་ཚལ་དེའི་བརྗོད་གཞི་གཞན་ཞིག་ཏུ་ཕྱིན་སོང༌།

ང་རང་ཡང་དེ་རིང་བོད་ཀྱི་བང་ཆེན་གསར་ཤོག་ཤིག་ཉོས་ཏེ་སྤྱི་འཐུས་གྲོས་ཚོགས་ཀྱི་གླེང་རྙོག་ལས་འཕྲོས་པའི་རྩོམ་ཡིག་དེ་ཚོ་ཀློག་བཞིན་པའི་སྐབས། ལག་ཐོགས་ཁ་པར་ལས་༼ཕོ་བྲང་པོ་ཏ་ལ་རེད། །གདོང་དམར་བོད་ཀྱི་མཁར་རེད། །༽ཟེར་བའི་གླུ་བ་གྲགས་ཅན་ཤེར་བསྟན་གྱི་རྡུང་ལེན་དེ་ཐོན་བྱུང༌། དེ་ནི་བོད་ནང་དུ་བཞུགས་པའི་གྲོགས་པོ་རྙིང་པ་ཞིག་གིས་ང་ལ་ཁ་པར་འབྱོར་བའི་སྒྲ་རེད། ཁོང་དང་མཉམ་དུ་འདས་དོན་གྱི་ལོ་རྒྱུས་མང་པོ་ཞིག་གི་སྐོར་གླེང་རྗེས་ཁོང་གིས་བརྗོད་དོན། དེང་སང་བོད་དོན་སྐོར་གྱི་གནས་ཚུལ་ག་འདྲ་འདུག་འདི་ནས་དམ་དྲག་ཆེ་རུ་འགྲོ་བཞིན་པར་བལྟས་ན་ཕྱི་ལོག་ནས་གནས་ཚུལ་བཟང་དུ་སོང་བ་མིན་ནམ་ཟེར། དེའི་ལན་དུ་བོད་ཀྱི་གནད་དོན་དེ་དེང་སང་འཛམ་གླིང་ནང་ཇེ་གསལ་དུ་འགྲོ་བཞིན་པ་ལས་ད་ལྟ་དམིགས་བསལ་བཟང་ཕྱོགས་ཀྱི་གནས་ཚུལ་གང་ཡང་མེད་ཚུལ་དང༌། བྱེས་འབྱོར་བོད་མི་རྣམས་ནི་གཞིས་ལུས་བོད་མིའི་མགྲིན་ཚབ་པ་ཙམ་ལས་གཙོ་བོ་བོད་ཀྱི་གནད་དོན་དེ་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་རག་ལུས་ཡོད་ཚུལ་ྋགོང་ས་མཆོག་ནས་རྣམ་ཀུན་བཀའ་སློབ་ཕེབས་བཞིན་ཡོད་ཚུལ་བསྐྱར་ཟློས་ཐེངས་གཅིག་བྱས་པར། ཁོང་གིས་གསུང་དོན་ྋགོང་ས་མཆོག་གིས་གཞིས་ལུས་བོད་མི་རྣམས་པར་ཐུགས་རེ་གནང་བ་ཆུད་ཟོས་སུ་ཕྱིན་མི་འདུག་ལྷག་པར་སྔོན་མ་དང་མི་འདྲ་བར་དེང་སང་མདོ་དབུས་ཁམས་གསུམ་གྱི་བོད་མི་གཞོན་སོ་དཀར་ནས་རྒན་སྐྲ་དཀར་བར་མ་བགྲོས་བསམ་པ་གཅིག་མཐུན་གྱིས་སེམས་ཚོར་ཆེན་པོས་བོད་ཀྱི་གནད་དོན་གླེང་དགོས་པ་ཆགས་འདུག་ད་དུང་རྒྱ་གཞུང་གིས་དམ་དྲག་ཆེན་པོས་བསུན་བཙེར་བཟོ་བཞིན་པ་འདི་ནི་བོད་མི་རྣམས་ལ་མི་རིགས་ཀྱི་ལར་ཞེན་དེ་སེམས་ཁོངས་ནས་སྐད་ཅིག་ཙམ་ཡང་བརྗེད་མ་བཅུག་པར་དྲན་བསྐུལ་བྱས་པ་ནང་བཞིན་ཆགས་ཡོད་པ་མ་ཟད། འདི་བཞིན་དམ་དྲག་མ་བྱས་པར་ཞི་འཇམ་ཐོག་བོད་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་ཇུས་ཤིག་སྤེལ་བ་ཡིན་ན་རང་རེའི་གཞོན་སྐྱེས་མང་པོ་ཞིག་རྒྱ་གཞུང་གི་གཡོ་འོག་ཏུ་མི་ཚུད་པའི་ངེས་པ་མེད། འོན་ཀྱང་ད་ལྟའི་རྒྱ་གཞུང་གི་དམ་དྲག་འདི་ནི་གཞིས་ལུས་མི་མང་ཚོར་གནས་སྐབས་ཀྱི་དཀའ་ངལ་ཙམ་ལས་ཕུགས་སུ་རྒྱ་གཞུང་གིས་བོད་མི་རྣམས་ལ་དམ་དྲག་བྱེད་པ་འདི་བོད་དོན་དེ་ཡང་ཡང་དྲན་བསྐུལ་བྱས་པ་དང་གཅིག་མཚུངས་ཆགས་ཀྱི་འདུག་ཟེར།

ད་དུང་ཁོང་ནས་མུ་མཐུད་བརྗོད་དོན། དེ་རིང་དམིགས་བསལ་རེ་བསྐུལ་ཞིག་ཡོད། གཞིས་ལུས་མི་མང་ནས་རེ་བ་དང་བློ་གཏད་ཚང་མ་བཙན་བྱོལ་དུ་བཅོལ་ཡོད་ཀྱང་བྱེས་བཞུགས་པ་འགའ་རེས་ཕ་ཡུལ་དུ་ཁ་པར་འབྱོར་སྐབས། སོ་སོའི་དགའ་ཉེ་སྤུན་མཆེད་རྣམས་ལ་ཤ་ཚ་ཆེ་མདོག་གིས། ཁྱེད་ཚོས་སྐད་འབོད་དང་ཟིང་ཆ་མ་བསླངས། སྲོག་ཤོར་བ་དང་བཙོན་ཁང་དུ་ཚུད་ན་སྡུག་གྱོང་རེད། དེས་བོད་དོན་ལ་གང་ཡང་ཕན་གྱི་མ་རེད་ཟེར་བའི་བཤད་སྲོལ་དེ་རིགས་མཚམས་འཇོག་གནང་རོགས་ཟེར། བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བཏང་བ་ལས་ལྷག་ཅིག་ག་རེ་བྱེད་དགོས་རེད། བཙན་བྱོལ་བ་ཚོས་ང་ཚོར་སེམས་ཤུགས་སྤར་རྒྱུ་ཞིག་མེད་ན་སེམས་ཤུགས་ཆག་དགོས་པའི་སྐད་ཆ་དེ་རིགས་ནམ་ཡང་མི་གསུང་བའི་འབོད་བསྐུལ་ཞུ་རྒྱུ་འདི་ང་གཅིག་པུ་མིན་པར་གཞིས་ལུས་བོད་མི་མི་ཉུང་བ་ཞིག་ལ་བསམ་ཚུལ་འདི་གཅིག་མཚུངས་སུ་ཡོང་བཞིན་འདུག་པས་མ་མཐར་ཡང་རེ་བསྐུལ་འདི་ཁྱེད་ཀྱི་འབྲེལ་ཡོད་བྱེས་བཞུགས་བོད་མི་ཚོར་གསལ་འདེབས་རེ་ངེས་པར་དུ་བྱ་རོགས་ཟེར། དེས་ན་གྲོགས་ཀྱི་བཀའ་བསྩལ་མ་ཟློག་ཙམ་དུ་གནས་ཚུལ་འདི་ལམ་སེང་ཡིག་ཐོག་ཏུ་ཕབས་ནས་བཙན་བྱོལ་ནང་གི་གསར་ལམ་མགྱོགས་ཤོས་བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པར་ཉིན་དེ་རང་དུ་ཕུལ་བ་ཡིན།

ཕྱི་ལོ་ ༢༠༠༩།ཟླ་ ༩ ཚེས་ ༢༥ ཉིན་བོད་འབྱོར་ཆ་འཕྲིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།