ཐེ་ཝན་དུ་ཆིབས་བསྒྱུར་གྱི་རྒྱབ་མདུན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༤
ད་ལྟའི་ཆར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་བཞིན་ཡོད་པ་དང༌། ཆིབས་བསྒྱུར་གྱི་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཀྱང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། སྤྱིར་གོ་མིན་ཏང་གིས་ཐེ་ཝན་གྱི་སྲིད་དབང་བཟུང་རྗེས་ཙམ་ལ། ྋགོང་ས་མཆོག་གིས་ཐེ་ཝན་དུ་ཆིབས་བསྒྱུར་གནང་འདོད་ཡོད་སྐོར་གསུངས་ཡོད་པ་དང༌། ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཅུའུ་ཡིས་ཏཱ་ལའི་བླ་མ་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུ་དེ་དུས་སྐབས་འོས་འཚམས་ཤིག་མིན་ཚུལ་བརྒྱུད་ལམ་ཁག་ཏུ་བརྗོད་ཡོད།

མང་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་གྱི་སྲིད་དབང་འཛིན་པའི་སྐབས་ྋགོང་ས་མཆོག་སྔ་རྗེས་སུ་གདན་འདྲེན་ཞུས་ཀྱང་ཕེབས་མ་ཐུབ་པའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད་པ་རེད། གནད་དོན་འདི་གཉིས་ཀྱི་ཐོག་ནས་བཤད་ན་ད་ལྟའི་ཆིབས་བསྒྱུར་དེ་འོས་འཚམས་ཤིག་རེད་ཅེས་བརྗོད་ཐུབ་པ་ཞིག་མིན་ཡང༌། ཐེ་ཝན་མི་མང་ལ་རང་བྱུང་གིས་གོད་ཆག་བྱུང་ནས་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཐེབས་པ་མ་ཟད། མི་མང་ལྔ་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་ནས་ཉམ་ང་བའི་དུས་སྐབས་འདིར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་མི་མང་འདས་གསོན་དེ་དག་གི་ཆེད་ཐུགས་སྨོན་སྐྱབས་འཇུག་དང་སེམས་གསོ་གནང་བར་ཆིབས་བསྒྱུར་བ་གནང་བ་ནི། དམ་པའི་ལྷ་ཆོས་དང༌། འཇིག་རྟེན་མི་ཆོས་བཅས་ཕྱོགས་གང་ཐད་ནས་བཤད་ཀྱང་འོས་ཤིང་འཚམས་པ་སྐབས་དུས་དང་མཐུན་ཞིང༌། ངེས་པར་དུ་ཕེབས་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།
ད་ལྟའི་ཆིབས་བསྒྱུར་སྐབས་མི་མང་ཁྲི་ཕྲག་དུ་མས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ྋགོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང༌། རྒྱ་དམར་གཞུང་དང་བློ་ཐག་ཉེ་བ་ཁག་ཅིག་གིས་ྋགོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་ཀྱང་བྱས་ཡོད་འདུག ཐེ་ཝན་དེ་མང་གཙོའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་དེ་དག་མི་ཆོག་པ་ཞིག་མིན་པ་དང༌། ཧ་ལས་དགོས་པ་ཞིག་དེ་བས་ཀྱང་མིན་མོད། ངོ་རྒོལ་སྐད་འབོད་བྱེད་དགོས་པའི་འབྱུང་རྐྱེན་གཙོ་བོ་རྒྱ་དམར་གཞུང་གིས་དྲིལ་བསྒྲགས་རྫུན་མའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་ཡོད་ལ། བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག མི་སྒེར་བཅས་ཀྱི་ངོས་ནས་རྒྱ་དམར་གཞུང་གིས་མི་བདེན་རྫུན་སྒྲིག་གི་དྲིལ་བསྒྲགས་རྣམས་ལ་དུས་ཐོག་གདོང་ལེན་བྱེད་མ་ཐུབ་པའི་སྐྱོན་གནད་གང་ཡིན་པ་ད་ལྟའི་ཆར་རྭ་སྤྲོད་གསལ་པོ་ཞིག་བྱས་པ་དང༌། སླད་ཀྱི་ཆར་འཐུས་ཤོར་མེད་པར་དྲིལ་བསྒྲགས་རྫུན་མ་རྣམས་ལ་ལན་འདེབས་གསལ་བཤད་དུས་ཐོག་བྱེད་དགོས་པའི་སྐུལ་མ་ཞིག་ཏུ་ངོས་འཛིན་བྱེད་དགོས་པའང་གལ་ཆེན་པོ་ཞིག་ཏུ་གྱུར་པ་རེད། སྤྱིར་བོད་རྒྱའི་གནད་དོན་གྱི་ཐོག་ནས་བཤད་ན་ད་ལྟ་འབྲེལ་ལམ་ཧ་ཅང་སྡུག་ཤོས་ཀྱི་དུས་སུ་སླེབས་ཡོད་སྟབས། ཐེ་ཝན་དུ་ཆིབས་བསྒྱུར་དང་དམིགས་བསལ་བཟང་ངན་གྱི་འབྲེལ་བ་ཆེན་པོ་མེད་ཀྱང༌། རྒྱ་དམར་གཞུང་གུ་དོག་མཁྲེགས་འཛིན་རིང་ལུགས་པ་ཞིག་ཡིན་པར་བརྟེན་ད་ལྟའི་གནད་དོན་འདི་ལ་བརྟེན་ནས་ཐེ་ཝན་དང་རྒྱ་ནག་གཞུང་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་སྲིད་པ་ཞིག་རེད། ཐེ་ཝན་ཡིན་ནའང་འདྲ། བོད་པ་ཡིན་ནའང་འདྲ། རྒྱ་དམར་གཞུང་ལ་རེ་བ་བཟང་ཕྱོགས་ནས་རྒྱག་རྒྱུ་དེ་ཧ་ཅང་མགོ་འཐོམས་ཀྱི་རང་བཞིན་ཞིག་ཏུ་གྱུར་ཡོད་ལ། ནམ་ཞིག་རྒྱ་དམར་གཞུང་མགོ་རྟིང་སློག་མ་ཐུབ་པའི་བར་དུ་ཁེ་ཕན་ཆེ་ཞིང་བཟང་ཕྱོགས་ཀྱི་ཐག་གཅོད་ཅིག་བྱེད་མི་ཐུབ་པ་ཉིན་རེ་ནས་ཉིན་རེ་བཞིན་གསལ་པོ་ཆགས་ཡོད་སྟབས། གྲུབ་འབྲས་མེད་པའི་སྟོང་བསམ་གྱི་རེ་བ་ཞིག་བཟུང་བས་ཕན་ཐོགས་གང་ཡང་མེད། ལྷག་པར་དུ་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་མཚོན་ན་དུས་ནམ་ཡང་ད་ལྟའི་རྒྱ་དམར་གཞུང་གི་བཙན་དབང་འདི་ལྟ་བུའི་འོག་ཏུ་སྡོད་འདོད་ཡོད་མི་སྲིད་ལ། བསྡད་ནས་ཁེ་ཕན་ཡང་གཏན་ནས་མེད་པའི་ལྟ་ཚུལ་འཛིན་བཞིན་པ་ཕྱི་ལོ་༢༠༠༨ ལོའི་བོད་ས་སྟོད་སྨད་བར་གསུམ་གྱི་རྣམ་འགྱུར་ཐོག་ནས་ཀུན་གསལ་ཡོངས་གྲགས་སུ་གྱུར་ཟིན་པས། བོད་པའི་རྩ་དོན་བསྒྲུབ་པའི་ཁ་ཕྱོགས་ཀྱང་དེའི་ཐོག་ནས་ཤེས་ཐུབ་དགོས་པ་ཞིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།