གང་བསླབ་པ་དེ་ཤེས་ཡོད་མེད་ལ་གཟིཌ་དགོས།
འབྲས་སྤུངས་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ཏེ། མི་ལོ་༢༢ རིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང། ཕྱི་ལོ་༢༠༠༦ ལོར། དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག ཕྱི་ལོ་༢༠༠༩ ལོར་བློ་གསལ་གླིང་གི་གྲྭ་མང་གིས་དགེ་སྐོས་ལ་འོས་འདེམས་གནང། ད་ལྟ་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་རྒན་པའི་ཐུགས་འགན་བཞེས་བཞིན་ཡོད།
དྲི་བ། དགེ་སྐོས་ལགས་ཀྱིས་ད་བར་དཔེ་ཁྲིད་རྒན་གྱི་ཐུགས་ཁུར་ཉམས་མྱོང་ལས་གྲྭ་ཚང་གི་ཁྲིམས་སྒྲིག་ལམ་དང་བསླབ་པ་སློབ་གཉེར་གནང་སྟངས་སོགས་ཀྱི་ཐད་ལེགས་ཉེས་ཀྱི་ཆ་ག་འདྲ་གཟིགས་ཀྱི་ཡོད།
ལན། དཔེ་ཁྲིད་རྒན་གྱི་ངོས་ནས་དཔེ་ཆ་འཁྲིད་པའི་སྐབས་དགེ་ཕྲུག་རྣམས་ལ་གོ་བརྡ་འཕྲོད་ཡོད་མེད་དང༌། གང་བསླབ་པ་དེ་ཤེས་ཡོད་མེད་ལ་གཟིགས་རྟོགས་གནང་དགོས་པ་དང། དཔེ་ཆ་འཁྲིད་པའི་ཞོར་ལ་ཡང་ཡང་བླང་དོར་གྱི་བཀའ་སློབ་གནང་དགོས་པ་དེ་གལ་གནད་ཆེན་པོ་མཐོང་གི་འདུག སློབ་གཉེར་བྱེད་མཁན་གྱི་ངོས་ནས་ཀྱང་དཔེ་ཆ་གང་ཤེས་པ་དེ་སེམས་རྒྱུད་ལ་ཚུར་གང་ཐུབ་ཐུབ་སྦྱར་རྒྱུ་དེ་དང༌། སྤྱིར་བཏང་ནང་ཆོས་སློབ་གཉེར་གནང་སྟངས་ནི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གནང་དགོས་པ་རེད། དེ་ཡང༌། ཐོས་པས་གཏན་ལ་ཕབ། བསམ་པས་སྒྲོ་འདོགས་བཅད། སྒོམ་པས་ཉམས་སུ་ལེན་ཞེས་པ་དང༌། དེ་ལྟར་ཡང་བཀའ་གདམས་པའི་དགེ་བཤེས་ཤིག་གི་ཞལ་ནས་ང་ཐོས་དུས་ཙ་ན་བསམ་སྒོམ་བདོ། ང་བསམ་དུས་ཙ་ན་ཐོས་སྒོམ་བདོ། ང་སྒོམ་དུས་ཙ་ན་ཐོས་བསམ་བདོ། ང་བཀའ་གདམས་ཕྱོགས་སུ་མ་ལྷུང་བ། ཞེས་པ་ལྟར་དེ་འདྲ་ཞིག་གནང་དགོས་པ་གལ་ཆེན་པོ་མཐོང་གི་ཡོད།
དྲི་བ། ཉེ་ཆར་ྋགོང་ས་མཆོག་གི་བཀའ་སློབ་ནང་ང་ཚོ་བོད་པའི་གྲྭ་བཙུན་ཚོའི་གྲངས་ཀ་མང་པོ་ཡོད་དགོས་པ་གཙོ་བོ་མིན། གང་ཡོད་པ་དེ་སྤུས་གཙང་ཞིག་ཡིན་དགོས་པ་རེད། འདི་ནི་ང་ཚོའི་མི་འབོར་དང་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་དུས་ངས་བཤད་དགོས་བྱུང་ལ། མ་གཞི་འདི་ངས་བཤད་ན་རན་པོ་ཞིག་མི་འདུག་ཅེས་གསུངས་པའི་ཐད་དགེ་སྐོས་ལགས་ཀྱིས་དགོངས་པ་གང་འདྲ་བཞེས་ཀྱི་ཡོད།
ལན། ྋགོང་ས་མཆོག་གིས་གསུངས་པ་དེ་དངོས་གནས་རེད། དེར་མ་ཟད་མཁས་གྲུབ་སྨྲ་བའི་སེངྒེའི་གསུང་ལས། སྒོ་གསུམ་སྤྱོད་པ་བག་མེད་རང་དགར་སྤྱོད། །ཚོང་དང་ཞིང་ལས་ཁྱིམ་གྱི་བྱ་བས་བྲེལ། །ཁྲེལ་མེད་ལྟོ་གོས་འབའ་ཞིག་དོན་གཉེར་བའི། །མགོ་རེག་ཕལ་ཆེར་བཙུན་པའི་གཟུགས་བརྙན་ཡིན།།ཞེས་པ་དང༌། རྣམ་དག་བསླབ་པས་བསྡམས་པའི་དགེ་སློང་ནི། །གཅིག་ཀྱང་མེད་པར་རྟགས་ཙམ་བསྒྱུར་བ་ཡི། །བཟའ་བཏུང་དོན་གཉེར་ཁྱིམ་པའི་བརྟུལ་ཞུགས་ཅན།། བརྒྱ་སྟོང་ཚོགས་ཀྱང་དགེ་འདུན་གཟུགས་བརྙན་ཡིན།།ཞེས་གསུང་ཡོད་པ་རེད། ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་འདི་ཆགས་འཇིག་གི་དུས་ཚོད་གཉན་འཕྲང་ལ་སླེབས་པའི་དུས་སྐབས་ཛ་དྲག་ཅན་འདི་འདྲ་ཞིག་ལ་ཅི་དགར་སྡོད་མི་འོས་པ་དང་མི་ནུས་པ་ཞིག་ཡིན་པ་མཐོང་གི་འདུག
དྲི་བ། ང་ཚོ་ཆབ་སྲིད་སྐྱབས་བཅོལ་བའི་གནས་བབས་འོག་ཡོད་པར་བརྟེན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཆབ་སྲིད་ཀྱི་ཁོར་ཡུག་ངེས་ཅན་ཞིག་དགོས་ཀྱི་རེད་དགོངས་ཀྱི་ཡོད་དམ།
ལན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་བོད་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་དགོས་པ་རེད། ད་ལྟ་ང་ཚོས་མཐོང་བཞིན་པའི་གཞིས་བཞུགས་བོད་མི་ཚོས་མྱོང་བཞིན་ཡོད་པའི་གནས་སྟངས་ཀྱི་ཐོག་ནས་གསལ་པོ་ར་འཕྲོད་ཀྱི་འདུག
དྲི་བ། མཐའ་དོན་དགེ་སྐོས་ལགས་ཀྱིས་བོད་མི་ཡོངས་དང་ལྷག་པར་དགེ་འདུན་པའི་སྡེ་ལ་བསླབ་བྱ་དང་འབོད་སྐུལ་འདྲ་གནང་རྒྱུ་ཡོད་དམ།
ལན། བསླབ་བྱ་ཞིག་གནང་རྒྱུ་མེད་དེ། འབོད་སྐུལ་ཞུ་རྒྱུ་ཞིག་ལ། དཔེ་མཚོན་ཙམ་ཞུས་ན། བོད་པ་ཟེར་དུས་འཛམ་བུ་གླིང་གི་མི་ཚང་མས་མཐོང་དང་ཆ་འཇོག་བྱེད་ཡུལ་བྱེད་ས་ཞིག་དང༌། དགའ་པོ་ཉེ་པོ་བྱེད་སྡོད་པ་འདི་ྋགོང་ས་རྒྱལ་བ་རིན་པོ་ཆེ་གཅིག་པུའི་གཟི་བརྗིད་དང་མཛད་འཕྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དེ། ལོང་བས་བལྟས་ཀྱང་རྒྱལ་ཁམས་གསལ། ཞེས་པ་ལྟར་ཡིན་པར་བརྟེན། ང་ཚོ་ཚང་མས་ྋགོང་ས་མཆོག་གི་ཅི་གསུང་བཀའ་བཞིན་བསྒྲུབ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། སྤྱིར་བཏང་ནས་བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་མཛད། ཞེས་པ་ལྟར། ྋགོང་ས་མཆོག་གི་བཀའ་ཅི་བཞིན་བསྒྲུབ་ན་ཐུགས་མཉེས་པ་དང༌། སྐུ་ཚེའི་ཚེ་བསྒྲུབ་ཀྱང་དེ་རེད་ཅེས་ཞུ་ཡི་ཡོད།།
མོན་གྷོ་གསར་འགོད་པས་བཅར་འདྲི་ཞུས།