སོན་རྩ་ཞེས་པའི་གློག་བརྙན་ལས་འཕྲོས་པའི་གླེང་མོལ།

dazelཟླ་འདིའི་ཚེས་༩ ཉིན་དྷ་ས་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་པའི་གཞོན་སྐྱེས་ཚོའི་གནས་སྟངས་མཚོན་པའི་<<སོན་རྩ་>>ཞེས་པའི་སྐར་མ་ཉི་ཤུ་རྩ་བརྒྱད་རིང་གི་གློག་བརྙན་ཞིག་མི་མང་ལ་བསྟན་ཡོད་པ་དང། སྐབས་དེར་ལྟད་མོའི་ཆེད་ལག་འཛིན་བཙོང་བའི་རིན་འབབ་ཚང་མ་ཆབ་སྲིད་བཙོན་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླར་སྤྲད་ཡོད་པ་རེད།

<<སོན་རྩ་>>ཞེས་པའི་གློག་བརྙན་དེ་ཧྤ་རིན་སིར་གནས་སྡོད་བསྟན་འཛིན་ཟླ་ཟེར་ལགས་ཀྱིས་འཁྲབ་ཁྲིད་གནང་བ་དང། འཁྲབ་སྟོན་པ་བོད་པའི་གཞོན་སྐྱེས་དྲུག་བདུན་ཞིག་འདུག གློག་བརྙན་དེའི་ནང་དུ་ལྡི་ལིར་སྡོད་མཁན་གྱི་ཕོ་གསར་མོ་གསར་ཁག་ཅིག་གིས་ཉིན་རེའི་ལས་དོན་བྱེད་ཕྱོགས་དང། གཞོན་སྐྱེས་ཚོའི་གྱོན་ཆས་གྱོན་སྟངས་ལ་སྤྱི་ཚོགས་ཀྱི་ལྟ་སྟངས་གང་ཡོད། ཕྱི་རྒྱལ་ལ་འགྲོ་འདོད་ཆེན་པོ་ཡོད་པའི་བསམ་ཚུལ་ཡོད་མཁན། བུད་མེད་ཅིག་ལ་ཕྲུ་གུ་འཁོར་རྗེས་དགའ་རོགས་དེ་ས་ཆ་གཞན་ལ་བསྐྱོད་པའི་དཀའ་ངལ། བོད་དོན་ལས་འགུལ་སྤེལ་སྐབས་བསམ་ཚུལ་གང་ཡོད་སོགས་མཚོན་ཐབས་བྱས་ཡོད་པ་དང། རྗེས་སུ་ཚང་མ་བོད་དོན་ཆེད་ངོ་རྒོལ་ཁྲོམ་སྐོར་དུ་སོང་ནས་གློག་བརྙན་དེ་མཇུག་བསྡུས་ཡོད་པ་རེད།     
བསྟན་འཛིན་ཟླ་ཟེར་ལགས་རྒྱ་གར་ལྷོ་ཕྱོགས་མེ་སོར་གཞིས་ཆགས་སུ་སྐྱེས་པ་དང། དྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་རྗེས། ལྡི་ལིར་དེང་དུས་ཀྱི་དཔེ་གསར་གྱོན་ཆས་སོགས་ཚེམ་བཟོའི་རིགས་ཀྱི་འཆར་འགོད་སྐོར་ལ་སློབ་སྦྱོང་བྱས་པ་དང། དེ་རྗེས་ཧྤ་རིན་སིར་སློབ་སྦྱོང་མུ་མཐུད་བྱས་པ་མ་ཟད། ད་ལྟ་ཧྤ་རན་སིའི་ཚོགས་པ་ཞིག་གི་ནང་དེང་དུས་དཔེ་གསར་གྱོན་ཆས་དང། ཚེམ་བཟོ་འཆར་འགོད་པའི་ལས་དོན་གཉེར་བཞིན་ཡོད་པ་རེད། ཉེ་བའི་ཆར་ཁོང་གིས་འཁྲབ་ཁྲིད་བྱས་པའི་<<སོན་རྩ་>>ཞེས་པའི་གློག་བརྙན་དེའི་སྐོར་ལ་འདི་གའི་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།
དྲི་པ། ཁྱེད་ཀྱིས་གློག་བརྙན་དེ་འདྲ་ཞིག་འཁྲབ་དགོས་པའི་དམིགས་ཡུལ་གཙོ་བོ་ག་རེ་ཡིན།
ལན། ང་རང་ཆུང་ཆུང་ཡིན་དུས་ནས་གློག་བརྙན་ལ་ལྟ་རྒྱུར་དགའ་པོ་ཡོད། བོད་པའི་གློག་བརྙན་འཁྲབ་རྒྱུ་ཡར་རྒྱས་ཡོང་ཐབས་དང། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཤེས་དགོས་པ་མང་པོ་ཡོད་པ་རེད། རྒྱ་མིའི་འོག་གི་བོད་པའི་གནས་སྟངས་སོགས་སྒྲུང་གི་ལམ་ནས་སྟོན་ཐུབ་ན་བསམས་ནས་གློག་བརྙན་དེ་བཟོས་པ་ཡིན། གློག་བརྙན་གྱི་ནང་དོན་གཙོ་བོ་དེང་སྐབས་གཞོན་སྐྱེས་ཚོ་ལོ་ཉི་ཤུ་ཟིན་པ་དང། སློབ་གྲྭ་མཐར་ཕྱིན་ཡོང་སྐབས་བསམ་བློ་གཏོང་སྟངས་འདྲ་མིན་རེད། ཁ་ཤས་ངར་ཆོག་ཆོག་འདྲ་བོ་ཞིག་དང། ཁ་ཤས་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་པ། ཁ་ཤས་ཀྱིས་བོད་ནི་མཐོང་མྱོང་མེད་པས། ཕྱི་རྒྱལ་ལ་སོང་ན་ཡག་ས་རེད་བསམ་མཁན་འདྲ་མིན་རེད། གཞོན་སྐྱེས་ཚོའི་དཀའ་ངལ་ག་རེ་རེད། སོ་སོའི་ལྟོ་གོས་ཆེད་དུ་བསམ་བློ་གཏོང་དགོས་པ་རེད། བོད་རང་བཙན་ཆེད་དུ་བསམ་བློ་གཏོང་དགོས་པ་རེད། ཁོ་རང་ཚོའི་ནང་དུ་བསམ་ཚུལ་འདྲ་མིན་ག་རེ་འདུག སྤྱོད་པ་མ་འདྲ་བ་ཡོད་པ་དེ་ཚོ་མཚོན་ཆེད་རེད། མཐའ་མ་དེ་ལ་ཚང་མ་མཉམ་དུ་འཛོམས་ནས་ཧུར་ཐག་བྱེད་ཐུབ་ན་འགྱུར་བ་ཐེབས་སྲིད་པ་རེད། བོད་པ་ཚང་མ་འཐོར་བསྡད་ཡོད་པས། ཚང་མ་མཉམ་དུ་འཛོམས་ཐུབ་ན་གྲུབ་འབྲས་ཆེ་བ་ཡོང་གི་རེད་བསམས་ནས་གློག་བརྙན་དེ་འཁྲབ་པ་རེད།
དྲི་བ། གློག་བརྙན་དེ་འཁྲབ་མཁན་ཚོའི་སྐད་ཆ་བཤད་སྐབས། བོད་སྐད་དང་དབྱིན་སྐད་བསྲེ་ལྷད་གང་འཚམ་བྱུང་འདུག་པས། དེའི་ཐོག་བོད་སྐད་གཙང་མ་གལ་ཆེན་པོ་མ་མཐོང་བ་ཡིན་ནམ། ཡང་ན་གཞོན་སྐྱེས་ཚོའི་སྐད་ཆ་བཤད་སྟངས་གང་ཡིན་པ་དེའི་རང་བཞིན་ཡོང་ཐབས་བྱས་པ་ཡིན།
ལན། ང་ཚོས་དབྱིན་ཇིའི་གློག་བརྙན་ལྟ་སྐབས། སྐད་ཆ་བཤད་སྟངས་ཡག་པོ་ཡོད་པ་རེད། ཁོང་ཚོས་དེའི་ཐོག་ཆེད་དུ་ལོ་མང་པོའི་རིང་སྦྱོང་བརྡར་བྱས་ཡོད་པ་རེད། ད་ལྟ་ང་ཚོའི་གློག་བརྙན་འཁྲབ་མཁན་ཚང་མ་གསར་པ་རེད། ཡིག་ཐོག་ཏུ་བྲིས་ནས་ཀློག་ན་ཡང་ཡག་པོ་ཞེ་དྲག་ཡོང་ཐུབ་ཀྱི་མི་འདུག ང་ཚོའི་སྐད་ནང་རྒྱ་གར་གྱི་སྐད་དང་དབྱིན་ཇིའི་སྐད་བསྲེ་ལྷད་གཏོང་གི་རེད། བོད་ནས་ཡོང་མཁན་ཚོས་རྒྱ་སྐད་མང་པོ་བསྲེ་ལྷད་གཏོང་གི་རེད། སྤྱིར་བཏང་སྐད་རིགས་མང་པོ་ཤེས་མཁན་ཡོད་པ་དེས་ང་ཚོ་ཕྱུག་པོ་རེད། གཞོན་སྐྱེས་ཚོས་དབྱིངས་བྱས་ནས་སྐད་གཞན་པ་བསྲེ་ལྷད་གཏོང་མཁན་ཡང་ཡོད་པ་རེད། ཡང་ཕྱོགས་གཅིག་ནས་བཤད་ན། གློག་བརྙན་དེའི་ནང་བོད་སྐད་གཙང་མ་བཤད་བཅུག་ན། ད་ལྟའི་གཞོན་སྐྱེས་ཚོའི་གནས་སྟངས་ངོ་མ་མཚོན་གྱི་ཡོད་པ་མ་རེད། ང་ཚོའི་གཞོན་སྐྱེས་ཚོའི་ནང་བལྟ་དུས། སྐད་ཆ་ཚང་མ་བསྲེ་ལྷད་གཏོང་གི་ཡོད་པ་རེད། ཡིན་ནའང་རིམ་བཞིན་ཡར་རྒྱས་ཡོང་གི་རེད།
དྲི་བ། མ་འོངས་པར་གློག་བརྙན་འཁྲབ་ཁྲིད་བྱེད་རྒྱུའི་འཆར་གཞི་ཡོད་དམ།
ལན། ངས་གྱོན་ཆས་དཔེ་གསར་གྱི་སྐོར་སློབ་སྦྱོང་བྱས་པ་ལས། གློག་བརྙན་འཁྲབ་ཁྲིད་སློབ་སྦྱོང་བྱས་ཡོད་པ་མ་རེད། རྨི་ལམ་ནི་རྨི་ལམ་རང་རེད། མ་འོངས་པར་ལས་འཆར་ཆེན་པོ་ཡོད་ཅེས་བཤད་ཐུབ་པ་མེད། ཡིན་ནའང་གློག་བརྙན་གྱི་སྐོར་ལས་ཀ་བྱེད་འདོད་ཆེན་པོ་བྱུང་ན་བྱེད་རྒྱུ་རེད། ངའི་གློག་བརྙན་འདི་ལས་ཡག་ཅིག་བཟོ་དགོས་བསམས་ནས་བཟོ་མཁན་མང་པོ་བྱུང་ན་ཡར་རྒྱས་ཡོང་གི་རེད། ངའི་དམིགས་ཡུལ་གཙོ་བོ་དེ་ཡིན།
དྲི་བ། གློག་བརྙན་དེ་འཁྲབ་ཁྲིད་ལེགས་འགྲུབ་བྱུང་ནས་མི་མང་ལ་བསྟན་པ་དང། མང་ཚོགས་ཀྱི་དྲི་བར་ཁྱེད་རང་གིས་ལན་འདེབས་ཆ་ཚང་གནང་ནས། མཇུག་བསྒྲིལ་རྗེས་ཁྱེད་རང་ངུ་ཡི་འདུག ཚོར་བ་ག་རེ་བྱུང་སོང།
ལན། ལས་ཀ་དེ་ཆ་ཚང་ཚར་བ་རེད། སོ་སོའི་བསམ་འདུན་ཚང་མ་འགྲུབ་རྗེས་སྙིང་ཚ་བོ་འདྲ་ཆགས་ནས་ངུ་ཤོར་སོང། མི་མང་གི་བསམ་ཚུལ་དང་དྲི་བ་བརྟེན་ནས་བྱུང་བ་དེ་འདྲ་མ་རེད།
དྲི་བ། བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་ཐོབ་ཐང་ཡོད་མེད་ཀྱི་སྐད་ཆ་གཉིས་ཡོད་པ་རེད། ཁྱེད་རང་བུད་མེད་ཅིག་ཡིན་པའི་ངོས་ནས་ལས་དོན་དེ་འདྲ་བྱེད་སྐབས་སྤྱི་ཚོགས་ལ་དཀའ་ངལ་འཕྲད་པ་དང། བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་ལ་ལྟ་ཚུལ་ག་འདྲ་ཡོད།
ལན། དཀའ་ངལ་དེ་འདྲ་འཕྲད་མ་སོང། གལ་སྲིད་ངས་ལྟད་མོ་དེ་བོད་ནས་བཟོས་ན། དཀའ་ངལ་འཕྲད་མདོག་རེད། དོན་འགྲུབ་དབང་ཆེན་ལགས་ཀྱི་གློག་བརྙན་བཟོས་པ་ལྟ་བུ་རེད། ཁོང་གིས་ལས་ཀ་བྱས་པ་དང། ང་ཚོས་ལས་ཀ་བྱས་པ་འདྲ་ཡི་མ་རེད། ཁོང་བློ་ཁོག་ཆེན་པོ་རེད། བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་གཅིག་པ་རེད། རྒྱ་གར་ལ་བལྟས་ན། བོད་པའི་སྤྱི་ཚོགས་ནང་བུད་མེད་ཡིན་གཅིག་མིན་གཉིས་ཐབ་ཚང་ནང་ནས་སྡོད་དགོས་པ་དེ་འདྲ་ཡོད་པ་མ་རེད། ང་འཚར་ལོངས་བྱུང་སྐབས། ངའི་ཨ་ཕ་དང། ཨ་མས་བུ་དང་མོ་ལ་སློབ་སྦྱོང་གི་གོ་སྐབས་གཅིག་པ་སྤྲད་པ་རེད། ང་རང་གིས་ག་རེ་བྱེད་འདོད་ཡོད་པ་དེ་ད་ལྟ་བར་དུ་བྱེད་བཅུག་སོང།     བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་ཐོབ་ཐང་མེད་པ་མཐོང་གི་མི་འདུག བུད་མེད་ལ་སེམས་ཤུགས་སྤར་ན་བློ་ཁོག་སྐྱེ་རྒྱུ་ལ་ཕན་ཐོགས་ཡོང་གི་རེད་མ་གཏོགས། བུད་མེད་བཀག་བཞག་པ་དེ་འདྲ་ངས་མཐོང་མ་སོང་ཞེས་འགྲེལ་བརྗོད་གནང་སོང།
སོན་རྩ་ཞེས་པའི་གློག་བརྙན་དེ་བསྟན་ཚར་རྗེས། ལྟད་མོ་བ་ཕོ་གསར་ཞིག་ལ་བསམ་ཚུལ་གང་ཡོད་དྲིས་པར། ཁོང་གིས། “ལྟད་མོ་དེ་གཞན་པ་དང་མ་འདྲ་བ་བཟོས་འདུག་བསམས་སོང། གྲོང་ཁྱེར་ཁག་གི་ནང་བོད་པའི་དཀའ་ངལ་ག་རེ་ཡིན་དང། རང་བཙན་མེད་པའི་དཀའ་ངལ་ག་རེ་ཡིན་བསྟན་ཡོད་པ་རེད། ཕོ་གསར་གཅིག་ཕྱི་རྒྱལ་ལ་འགྲོ་རྒྱུའི་དམིགས་ཡུལ་ཡོད་པ་འཁྲབ་འདུག དེ་ཚོ་ང་ཚོའི་གནས་སྟངས་སྐྱོ་པོ་རེད། བོད་ལ་འགྲོ་རྒྱུའི་དམིགས་ཡུལ་དགོས་པ་ལས། ཕྱི་རྒྱལ་ལ་འགྲོ་རྒྱུ་དེ་ང་ཚོའི་དམིགས་ཡུལ་མ་རེད། འཁྲབ་སྟངས་ཀྱི་ཆ་ནས་ཚང་མ་སྦྱོང་བརྡར་མེད་མཁན་རེད། དེ་ལ་བརྟེན་ནས་སྐྱོན་ཆེན་པོ་ཡོད་པ་མཐོང་མ་སོང་”ཞེས་འགྲེལ་བརྗོད་གནང་སོང།
ལྟད་མོ་བ་བུད་མེད་ཅིག་ལ་བཅར་འདྲི་བྱས་པར། ཁོང་གིས། “བཙན་བྱོལ་ནང་གི་བུད་མེད་ཅིག་གིས་གློག་བརྙན་འཁྲབ་ཁྲིད་བྱས་པ་དང་པོ་རེད། གཞོན་སྐྱེས་ཚོའི་ཉིན་རེའི་འཚོ་བ་ཤུགས་ཆེན་པོ་མཚོན་གྱི་ཡོད་པ་རེད། སྤྱིར་བཏང་སྐད་ཆ་བཤད་སྟངས་དང། བསམ་ཚུལ་མ་འདྲ་ཡོད་ནའང། བོད་མིའི་རྩ་དོན་གྱི་ཐོག་ལ་བསམ་ཚུལ་གཅིག་མཐུན་ཡག་པོ་ཡོད་པའི་ཚོར་སྣང་བྱུང་སོང་”ཞེས་འགྲེལ་བརྗོད་གནང་སོང།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།