རྒྱ་དཀར་ནག་གི་འབྲེལ་བའི་ནང་གི་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༡
རྒྱ་དཀར་ནག་གཉིས་ནི་ལོ་རྒྱུས་ཀྱི་ཐོག་ནས་དམིགས་བསལ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་གཉིས་མིན་ལ། ༡༩༦༢ ལོར་ས་མཚམས་སུ་དམག་འཁྲུག་ཀྱང་བྱུང་ཡོད། ད་ལྟའི་ཆར་ཡང་འབྲེལ་བ་དེ་ཕྱོགས་ཡོངས་ནས་སྡུག་ཏུ་འགྲོ་བཞིན་པ་དང། ཕྱི་ཟླ་༡༡ པའི་ནང་ནས་རྒྱ་ནག་དབུས་ཆབ་སྲིད་ཅུས་ཟེར་བའི་རྒྱུན་ལས་ཀྲུའུ་ཡུང་ཁང་རྒྱ་གར་དུ་ཡོང་རྒྱུ་གཏན་ཁེལ་བྱུང་ཡོད་ཅིང། ད་ལྟའི་ཆར་གནད་དོན་རེ་ཟུང་གི་ཐོག་ནས་རྒྱ་གར་གཞུང་ལ་དོན་མེད་བསྙོན་འཛུགས་བྱེད་བཞིན་ཡོད།

དཔེར་ན་ཨ་རུ་ན་ཅལ་ཁུལ་གྱི་མོན་རྟ་དབང་ལྟ་བུ་ལ་མཚོན་ན་པེ་ཅིང་གཞུང་གིས་བོད་ཀྱི་ཁོངས་གཏོགས་ཡིན་ཚུལ་ཤོད་བཞིན་ཡོད་ཀྱང། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེའི་ཁུལ་དུ་ཆིབས་བསྒྱུར་གནང་མི་ཆོག་པ་དང། རྒྱ་གར་གཞུང་གིས་ས་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུར་རོགས་རམ་མཐུན་འགྱུར་གནང་བ་དེ་ཡང་རྒྱ་དཀར་ནག་གི་འབྲེལ་བའི་སྐོར་ལ་གནོད་སྐྱོན་ཡོད་ཚུལ་པེ་ཅིང་གཞུང་གིས་བརྗོད་བཞིན་ཡོད་པ་འདི་ནི་སྔ་ཕྱི་མི་མཚུངས་པ་ཞིག་ཏུ་གྱུར་ཡོད། གང་ལྟར་ཨ་རུ་ན་ཅལ་དང་ཀ་ཤི་སྨིར་ཁོངས་ཀྱི་ཨག་ས་ཆིན་སོགས་ས་མཚམས་ཀྱི་གནད་དོན་འདི་ཉིད་ད་ལྟའི་ཆར་རྒྱ་གར་གཞུང་ལ་བདེ་སྲུང་གི་ཐོག་ནས་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད་པ་དང། རྒྱ་གར་གཞུང་གིས་གནད་དོན་འདིའི་སྐོར་ལ་༡༩༡༤ ལོར་སིམ་ལར་བོད་གཞུང་དང་རྒྱ་གར་དབྱིན་ཇིའི་གཞུང་གཉིས་དབར་བཞག་པའི་ཆིངས་ཡིག་ལ་གཞི་འཛིན་དགོས་ཤིང། དེའི་ཞོར་དུ་སྐབས་དེའི་བོད་རྒྱལ་ཁབ་ཀྱི་གནས་སྟངས་ཀྱང་རང་བཞིན་གྱིས་ཁས་ལེན་མི་བྱེད་ཀ་མེད་དུ་གྱུར་ཡོད་པས། རྒྱ་གར་གཞུང་ལ་སྐུ་ངལ་འཕྲད་བཞིན་ཡོད་སྲིད། གང་ལྟར་ཨེ་ཤ་ཡའི་ནང་ནས་མི་འབོར་དང་དམག་དོན་གྱི་སྟོབས་ཤུགས་ཆེ་ཤོས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དེ་ཡང་འདྲ་མཉམ་གཅིག་མཚུངས་ལས་ཕན་ཚུན་གནོན་ཤུགས་དང་འཇིགས་སྐུལ་གྱི་ལམ་ནས་ཐག་གཅོད་དགོས་པའི་ཚད་དུ་རྩ་བ་ཉིད་ནས་སླེབས་མེད།
དེ་བཞིན་ད་ལྟའི་ཆར་ཁག་ཅིག་གི་བསམ་བློའི་ནང་དུ་༧གོང་ས་མཆོག་གིས་དབུས་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་སྐྱབས་བཅོལ་ཞུས་ནས་བསྡད་ཡོད་པ་དང། ཆོས་དང་རིག་གཞུང་སོགས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཁག་གི་རྟེན་གཞི་ཡང་རྒྱ་གར་དུ་ཡོད་པ་འདི་ཡང་རྒྱ་དཀར་ནག་གི་འབྲེལ་ལམ་ནང་དུ་རྒྱ་གར་ལ་དཀའ་ངལ་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡོད་པ་དེ། དོན་དངོས་ཐོག་བོད་ནང་གི་བོད་མི་རྣམས་ཀྱི་སེམས་པ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཕྱོགས་སུ་འཁོར་ཡོད་པ་དང། བོད་མི་རིགས་ཀྱི་ཚབ་མཚོན་རང་བཞིན་གྱི་གཞུང་ཞིག་ཀྱང་རྒྱ་གར་དུ་ཆགས་ཡོད་པ་དེ། རྒྱ་དཀར་ནག་གི་འབྲེལ་བའི་ནང་དུ་རྒྱ་གར་གཞུང་ལ་ཕན་ཐོགས་ཀྱི་རང་བཞིན་ཞིག་ལས་གནོད་སྐྱོན་ཞིག་ཏུ་གྱུར་མེད་པ་རྒྱུ་མཚན་མང་པོ་ཐོག་ནས་ར་སྤྲོད་བྱུང་ཡོད་པ་ཞིག་རེད། བོད་མི་རིགས་ཀྱི་ངོས་ནས་བཤད་ན་རྒྱ་གར་དེ་ལོ་རྒྱུས་ཀྱི་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པ་དང། རྒྱ་དམར་གཞུང་གི་བཙན་གནོན་འོག་ནས་བོད་ལ་དཀའ་ངལ་ཚབས་ཆེ་འཕྲད་པའི་སྐབས་སྐྱབས་བཅོལ་ཞུ་ཡུལ་རྒྱ་གར་གཞུང་རང་ཡིན་པར་ངོས་འཛིན་བྱས་ཡོད་པ་དང། རྒྱ་གར་གཞུང་ལ་མཚོན་ནའང་དུས་དེ་ནས་ད་བར་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཕྱོགས་གང་ཐད་ནས་གཟིགས་སྐྱོང་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་ནས། སྐྱབས་བཅོལ་བོད་མི་རྣམས་ལ་ཕྱོགས་གང་ཐད་ནས་རང་དབང་ཆ་ཚང་ཡོད་སྟབས། རང་ས་ཤོར་ནས་མིའི་ལུང་པར་སྐྱབས་བཅོལ་དུ་གནས་ཡོད་ཀྱང། བོད་མི་ཡོངས་རྫོགས་ཀྱི་ཁ་རྒྱུན་དུ་ང་ཚོ་རང་དབང་ལུང་པར་གནས་ཡོད་ཅེས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བརྗོད་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་གི་ངོས་ནས་འཛམ་གླིང་ཞི་བདེའི་ཁ་གཡང་སྒྲོག་བཞིན་ས་མཚམས་སྐོར་ཤུགས་ཆེན་པོ་གླེང་དགོས་པ་དེའི་ཆབ་སྲིད་ཀྱི་གནད་དོན་གཙོ་བོ་ག་རེ་ཡིན་མིན་བཤད་དཀའ་ཡང། ཆབ་སྲིད་ཀྱི་རང་བཞིན་བརྟན་ལྷིང་ལྡན་པ་དང། བོད་དོན་ལ་སེམས་ཁུར་དང་ཤ་ཚ་རྒྱབ་སྐྱོར་ཡོད་པའི་རྒྱ་གར་གཞུང་དམངས་ལ་མཚོན་ན་བཙན་བྱོལ་བོད་མི་རྣམས་ཆབ་སྲིད་ཀྱི་ཚོང་རྫས་ཤིག་ཏུ་སྒྱུར་མི་སྲིད་པ་ཕྱོགས་གང་ནས་བལྟས་ཀྱང་ཡིད་ཆེས་བྱེད་ཆོག་པ་ཞིག་རེད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།