སྒེར་གཅོད།
འོད་དཀར་(ཤིང་བཟའ་རིན་པོ་ཆེ་)ལགས་ཀྱིས་<<སྒེར་གཅོད་>>ཅེས་པའི་ཁོང་གི་བརྩམས་ཆོས་གཉིས་པ་དེ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ལེ་ཚན་དང་པོ་དྲིས་ལན་བདེན་པའི་རང་གཏམ་དང། གཉིས་པ་སྙན་རྩོམ་སེམས་ཀྱི་ངུ་ངག གསུམ་པ་དེང་རྩོམ་རེ་བའི་ངུ་འབོད། བཞི་པ་འབོལ་རྩོམ་ཁྲག་གི་བཞུད་ལམ་བཅས་སུ་དབྱེ་འདུག་ལ།
རྩོམ་ཡིག་མང་ཆེ་བ་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། འབོལ་རྩོམ་གྱི་ནང་དུ་བདེན་དཔང་མེད་པའི་ང་ཚོ་ཞེས་པ་དང། བོད་ཀྱི་སྨྱུག་ཐོགས་པ་དང། བླ་སྤྲུལ་ཚོའི་འགན་འཁྲིའི་སྐོར། གཅིག་གྱུར་གྱི་རང་བཙན་ལ་བསྐྱོད་དགོས། ཨེ་ཤ་ཡའི་རང་བྱུང་ཁོར་ཡུག་དང་བོད་ཅེས་པ་སོགས་འཁོད་ཡོད་པ་རེད། དེབ་དེའི་མཇུག་བྱང་དུ་རྩོམ་པ་པོས། ངེས་དོན་གྱི་བྱང་སེམས་དང། དད་པའི་འོད་རླབས་གཉིས་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་བག་ཆགས་ལ་འཚོལ་སྒྲུབ་བྱས་པའི་བསྟོད་པའི་རྣམ་གྲངས་ཀྱི་ཕྱོགས་སུ་གོ་ཆོག སེམས་ཀྱི་གསལ་སྣང་དང། མི་སྣང་འཇིག་རྟེན། ངའི་ལྟ་བ་གསུམ་ལས་རང་ཉིད་ཀྱིས་ལོ་དུ་མར་སྦྱང་བརྩོན་བྱས་པའི་ནང་བསྟན་ཆོས་ལུགས་ཀྱི་ངེས་ཤེས་ལས་བྱུང་བའི་སེམས་ཀྱི་ངལ་གསོ་ཙམ་ཕྱིར་མངོན་བྱས་པ་ལགས། སྤྲུལ་སྐུ་༌༌ངའི་སེམས་ཀྱི་གཞན་དབང་གི་མི་ཚེ་སྐྱུར་མོ་དང། དགེ་ལྡན་པའི་སྤྲུལ་སྐུ་གླེང་བ་ཞེས་པའི་འབོལ་རྩོམ་གཉིས་ནི་སྲོལ་རྒྱུན་ཆོས་ལུགས་རིག་གནས་ཀྱི་མ་རྐང་ལྟ་བུར་གྱུར་ཡོད་པའི་སྤྲུལ་སྐུའི་ལམ་ལུགས་ལ་རང་ཉིད་ཀྱིས་དངོས་སུ་ཟུར་ལྟ་བྱས་པའི་མྱོང་བ་ལས་བྱུང་བའི་རྒྱང་འབོད་དུ་འདོད་ཀྱི་ཡོད། སྙན་རྩོམ་དང། དེང་རྩོམ། འབོད་རྩོམ་ཕལ་ཆེ་བ་༢༠༠༨ ལོར་བོད་ཀྱི་ཞི་རྒོལ་ཆེན་མོའི་དྲན་སྐུལ་ལས་བྱུང་སེམས་ཀྱི་ཟུག་གཟེར་ངོ་མ་ཞེས་སོགས་འཁོད་ཡོད་པ་རེད།།