ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས།
སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མཛད་པའི་<<ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་>>ཞེས་པ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས་ཡོད་པ་དང། སྔོན་གླེང་གི་ནང་དུ་རིན་པོ་ཆེ་མཆོག་གིས། ད་ལམ་སློབ་བརྒྱུད་མི་མང་སྤྱི་དང། ལྷག་པར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་ཞིང་འབྲོག་མི་མང་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་གི་བྱ་སྤྱོད་དང་འབྲེལ་ནས།
ལྷ་ཆོས་དང་མི་ཆོས་ཏེ་ལུགས་ཟུང་གི་བསླབ་བྱ་གཞུང་ཆེན་མོའི་ཐ་སྙད་མ་བཀོལ་བར་གོ་བདེ་བའི་ཕལ་སྐད་ཀྱི་མིང་ཚིག་བེད་སྤྱོད་ཀྱིས་རང་ཉིད་ལོ་རྒན་བདུན་ཅུ་ལོན་ལ་ཉེ་བའི་ཉམས་མྱོང་རྒན་པོའི་བསླབ་བྱ་དོན་ཚན་སོ་གཉིས་ཅན་གྱི་ཁ་བརྡ་ཞིག་འདིར་བྱུང་བས། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གསུངས་ཡོད་པ་རེད།
དེབ་དེའི་ནང་དུ་དགེ་སྡིག་གི་ངོ་སྤྲོད་དང། ཆོས་ཀྱི་གོ་དོན། ཆོས་ཁས་ལེན་དང་མི་ལེན་པའི་སྐོར་དང། ལེའུ་དང་པོའི་ནང་ལྷ་ཆོས་དགེ་བ་བཅུ་རེ་བཞིན་ངོ་སྤྲོད་དང། ལེའུ་གཉིས་པའི་ནང་མི་ཆོས་གཙང་མ་བཅུ་དྲུག་རེ་རེ་བཞིན་ངོ་སྤྲོད། ལེའུ་གསུམ་པའི་ནང་དུ་མི་རབས་ལ་གནོད་པའི་སྤྱོད་ལམ་གྱི་སྐོར། ཆང་རག་ཚོད་མེད་བཏུང་བ་དང། ཐ་མ་ཁ། དུག་རྫས། འཁྲིག་སྤྱོད་ཀྱི་འགོ་ནད། རྒྱན་འཛུགས་ཀྱི་རྩེད་མོ། ནག་ཚོང་སོགས་ཀྱི་ཉེས་པའི་སྐོར་དང། ཚོགས་བསག་དགེ་སྒྲུབ་བྱེད་སྟངས་སྐོར་གྱི་ནང་དུ། དགེ་བ་བྱེད་སྟངས་དང། སྤྱིའི་རིམ་གྲོ་སྒྲུབ་ཚུལ། བསངས་མཆོད་བྱེད་སྟངས། ཁྱིམ་ཚང་སོ་སོའི་མཆོད་འབུལ་དགེ་སྒྲུབ་བྱེད་སྟངས། ཞབས་རིམ་དང་སྨན་བཅོས་ཀྱི་སྐོར། སྐད་ཡིག་དང་གོམས་གཤིས་སོགས་སྲུང་སྐྱོབ་སྐོར་གྱི་ནང་དུ། ཤེས་ཡོན་དང་སློབ་སྦྱོང་གི་སྐོར། དཔལ་འབྱོར་གྱི་སྐོར། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་སོགས་ལ་བླང་དོར་བསླབ་བྱ་གནང་ཡོད་པ་རེད། དེབ་དེ་ལེའུ་གསུམ་དང། དོན་ཚན་༣༢ ལ་དབྱེ་ནས་མཛད་ཡོད་པ་དང། ཤོག་ངོས་༡༤༠ ཙམ་ཡོད་པ་ཞིག་རེད།།