རྒྱ་གཞུང་གིས་སྡོད་མ་བཅུག་པར་བྲོས་བྱོལ་དུ་ཡོང་བ་ཡིན།

ngaloབོད་ནས་གསར་དུ་འབྱོར་བ་༢༠༠༨ ལོར་བོད་མིའི་ཞི་བའི་ངོ་རྒོལ་ནང་ཞུགས་མྱོང་མཁན་ངག་བློ་ལགས་སུ་བཅར་འདྲི།

དྲི་བ། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་ངག་བློ་ཟེར། ཕ་ཡུལ་ཁམས་མི་ཉག་གི་འབྲོག་པ་ཡིན། ཕྲུ་གུ་བཞི་ཡོད། ང་རང་ཕ་ཡུལ་དུ་ཡོད་དུས་བོད་ཀྱི་འབྲོག་པ་སྤྱི་མཚུངས་ལྟར་ཕྱུགས་ལས་ཀྱི་བྱ་བ་བསྒྲུབས་ཤིང༌། སོ་སོའི་ཁྱིམ་མིའི་འཚོ་བ་འགྲིག་ཙམ་བྱས་ནས་བསྡད་པ་རེད། སྔོན་མ་ངའི་ཕ་ཁྱིམ་དང་འབྲེལ་བའི་མི་རབས་གསུམ་རྒྱའི་ཁྲིམས་འོག་ནས་འདས་གྲོངས་སོང་ཟིན་པ་རེད།

ངའི་ཕ་ཁྱིམ་ལ་མི་བརྒྱད་ཡོད་ཅིང༌། ཨ་ཁུ་ཆེ་བ་ཕུན་ཚོགས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས་བྲོས་བྱོལ་དུ་སོང་བ་དང༌། དེ་ནས་ངའི་སྤོ་བོ་དཔལ་ལྡན་གྲགས་པ་སོགས་ཕ་བུ་གསུམ་ཡང་རྒྱ་ནག་དམར་པོས་འཛིན་བཟུང་བྱས་ཤིང་བཙོན་ནས་མནར་གཅོད་དྲག་པོ་བཏང་ནས་སྤོ་བོ་བཙོན་ཁང་ནས་༡༩༥༩ ལོར་གྲོངས་པ་རེད། དེ་རྗེས་ཁོང་གི་བཟའ་ཟླ་དང་བུ་མོ་མ་སྨད་གཉིས་ཀྱང་མུ་གེས་ཤི་བ་རེད། འདི་འདྲ་ཕ་རབས་བུ་རྒྱུད་ནས་རྒྱ་ལ་འཁོན་འཛིན་ཡོད་པའི་དབང་གིས་ཡུལ་གང་ལ་ཕྱིན་པ་དང་ལས་ཀ་ག་རེ་བྱས་ནའང་རྒྱ་ཕྱོགས་ལ་སེམས་གཏིང་ནས་ཁོང་ཁྲོ་ལངས་ཀྱི་འདུག ང་རང་ཕྱི་ལོ་༢༠༠༡ ལོར་ལྷ་སར་ཕྱིན་ནས་དེའི་རིང་ང་དང་བཟའ་ཟླ་གཉིས་ཀྱིས་ཚེམ་བཟོའི་རིགས་ཀྱི་ཚོང་ལས་བྱས་ནས་བསྡད་པ་ཡིན།
དྲི་བ། ཁྱོད་རང་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་དགོས་དོན་གང་ཡིན་ནམ།
ལན། ང་རང་ལྷ་སར་སྡོད་པའི་སྐབས་༢༠༠༨ ལོའི་ཟླ་བ་༣ ཚེས་༡༤ ཉིན་རོགས་པ་ཕ་ཡུལ་གཅིག་པ་ལྷག་པ་དང། གཞན་མི་ཁག་ཅིག་དང་མཉམ་དུ་ར་མོ་ཆེའི་ལམ་བར་ནས་བོད་མི་སྤྱི་མཚུངས་ལྟར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་ཡིན། དུས་དེར་ཉེན་རྟོག་པས་མིག་ཆུ་ཤོར་བའི་རྫས་དུག་བཏང་སོང༌། སྐབས་དེར་ངའི་ཉེ་སར་མི་གསུམ་སྔོན་རྗེས་བྱས་ནས་སར་འགྱེལ་སོང༌། ཕལ་ཆེར་ཤི་ཡོད་ཚོད་འདུག གཞན་ཚོས་ཉེན་རྟོག་དམག་མིའི་རླངས་འཁོར་སླེབས་སོང་ཟེར། དེའི་སྐབས་ང་རང་ར་མོ་ཆེའི་ཕྱོགས་སུ་བྲོས་ཕྱིན་པ་ཡིན། དེ་ནས་ར་མོ་ཆེའི་ཁ་པར་ཁང་ཞིག་ནས་རྒྱ་གར་དུ་ཡོད་པའི་ངའི་སྤུན་མཆེད་ལ་ཁ་པར་བཏང་ནས་ལྷ་སར་ཡར་ལངས་བྱས་པའི་སྐོར་བརྗོད་པས། སྤུན་མཆེད་དེས་གལ་ཏེ་ལས་འགུལ་ནང་ཞུགས་མེད་ན་མ་གཏོགས། ཁྱོད་ལས་འགུལ་ནང་ཞུགས་ཚར་ན་ཤིའང་འགྱོད་པ་ཡོད་མ་རེད་ཟེར། ཁོང་གིས་དེའི་སྐབས་ངའི་སྐོར་གྱི་གནས་ཚུལ་རང་གཞུང་ལ་བཤད་དགོས་མིན་དྲིས་བྱུང་ཡང༌། སྐབས་དེར་ང་རང་རྒྱ་གར་དུ་ཡོང་རྩིས་མེད་སྟབས་ངའི་གནས་ཚུལ་དེ་དག་མ་བཤད་ན་བཟང་ལུགས་བཤད་པ་ཡིན། དེ་རྗེས་ངས་རོགས་པ་ལྷག་པ་ལ་ཁ་པར་བཏང་ཡང། ལན་སྤྲོད་མཁན་མེད་པ་མ་ཟད། ཁོ་རང་ཡང་གར་སོང་ཆ་མེད་དུ་གྱུར་འདུག ངོ་ཤེས་པ་ཞིག་གིས་ངག་བློ་ཁྱོད་གསར་འགྱུར་བརྙན་འཕྲིན་ནང་པར་ཐེབས་འདུག། ལྷ་སའི་གྲོང་ཁྱེར་ནང་ཡོད་པའི་ངའི་ངོ་ཤེས་པའི་ཉེན་རྟོག་པ་ཞིག་གིས་ད་ལྟ་མི་གཅིག་གིས་ཁྱོད་རང་གི་གནས་ཚུལ་ཧ་གོ་ཡི་འདུག ད་ཁྱོད་བྲོས་ན་མ་གཏོགས་གལ་ཏེ་འཛིན་བཟུང་བྱས་ན་ཉེན་ཁ་ཡོད་སྐོར་བཤད་སོང། དེ་ནས་ངས་བཟའ་ཟླ་ཕྲུ་གུ་གཉིས་དང་བཅས་ཁྲིད་ནས་ཨ་མདོ་མགོ་ལོག་ཁུལ་དུ་ཉེན་གཡོལ་དུ་ཕྱིན་པ་ཡིན། ཨ་མདོར་སྡོད་རིང་དབྱར་རྩ་དགུན་འབུ་ཏོག་ཙམ་གྱིས་ཚོང་བསྒྱུར་བྱས་པ་དང། ཟླ་བ་བརྒྱད་ཙམ་མགོ་ལོག་ལ་བསྡད། དེ་རྗེས་སླར་ཡང་ལྷ་སར་ཕྱིར་ལོག་པ་ཡིན་ཡང་སྐབས་དེ་དུས་སེམས་ནང་ལ་དངངས་སྐྲག་དང་ཞེད་སྣང་ཆེན་པོ་འདུག་ལ། སེམས་བདེ་པོ་རྩ་བ་ནས་མེད་པར་ཉེན་ཁའི་ནང་ལྷུང་ཚར་བས་འདི་འདྲ་བྱས་ཏེ་རྒྱ་གཞུང་གིས་སྡོད་མ་བཅུག་པར་རྒྱ་གར་ལ་བྲོས་དགོས་བྱུང་སོང༌།
དྲི་བ། རྒྱ་གར་དུ་སླེབས་ནས་མ་འོངས་པར་ག་རེ་གནང་རྩིས་ཡོད།
ལན། ད་ཆ་ང་དང་བཟའ་ཟླ་གཉིས་སློབ་གྲྭར་འགྲོ་བར་ལོ་ཚད་བརྒལ་ཟིན་པ་རེད།  དེ་མིན་ད་ལྟའི་ཆར་ངའི་བཟའ་ཟླ་ལ་ཕྲུ་གུ་སྐྱེ་རྒྱུ་ཡོད་སྟབས། ངས་མོ་རང་སྲུང་ནས་མ་བསྡད་རང་བསྡད་རེད།  ད་ལྟ་སྣེ་ལེན་ཁང་གི་འོག་ཁང་དུ་བསྡད་ཡོད། ཕྱི་ལོག་ཏུ་བསྡད་ན་ཁང་གླ་སྤྲོད་རྒྱུ་མེད། ཐབས་ཤེས་གཞན་མི་འདུག ད་ང་རང་གསར་འབྱོར་ཡིན་པས་གང་ལ་འགྲོ་དགོས། ཅི་ཞིག་བྱེད་དགོས་རྩ་བ་ནས་ཤེས་ཀྱི་མི་འདུག  མ་འོངས་པར་སྣེ་ལེན་ཁང་ནས་ཕྱིར་ཐོན་ཚར་སོང་ན། ཚོང་ཙག་ཙིག་འདྲ་ཨེ་འཇོན་ལྟ་དགོས་བསམ་ཡང་མ་རྩ་ནི་མེད། ད་ལས་ཀ་བྱེད་ས་འདྲ་རག་ན་བསམས་ནས་བསྡད་ཡོད་པ་ལས་མ་འོངས་པར་གང་དུ་འགྲོ་ལས་ཀ་ཅི་ཞིག་བྱ་དགོས་སོགས་ཤེས་ཀྱི་མི་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།