བཀའ་བློན་ཁྲི་པར་མེད་དུ་མི་རུང་བའི་ཁྱད་ཆོས་ཚང་དགོས་པ།

ཨོ་རྒྱན་ཚེ་དབང།      ཨ་རི།
འཛམ་གླིང་གི་ས་གཞི་འདིར་རྒྱལ་ཁབ་འདྲ་མིན་སྣ་ཚོགས་མང་གཙོའི་ལམ་ནས་རང་རང་སོ་སོའི་ཆབ་སྲིད་ཀྱི་དབུ་ཁྲིད་འདི་མི་མང་གིས་འོས་བསྡུའི་ལམ་ནས་ཡོང་དང་ཡོང་བཞིན་པའི་དངངས་འཚབ་ཅན་གྱི་དུས་རབས་ཉེར་གཅིག་འདིའི་ནང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགན་ཁུར་བ་བཀའ་བློན་ཁྲི་པ་འདི་ཡང་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་ཐོན་གནང་ནས་བཀའ་བློན་ཁྲི་ཐོག་གཉིས་པས་ཐུགས་ཁུར་བཞེས་མུས་ལ། ཕྱི་ལོ་༢༠༡༡ ལོའི་ནང་སྐབས་གསུམ་པའི་བཀའ་ཁྲི་གསར་འདེམས་གྲུབ་པ་དགོས།

དེའི་ཐོག་རང་རེའི་སྤྱི་ཚོགས་ནས་ཀྱང་དེང་རབས་དང་མཚུངས་པའི་མ་འོངས་བཀའ་བློན་ཁྲི་པའི་སྐོར་གླེང་སློང་དུ་མ་ཞིག་མཐོང་ཐོས་གཉིས་སུ་བྱུང་དང་འབྱུང་བཞིན་པའི་སྐབས་འདིར་ཕྲན་ནས་ཀྱང་སྨྲ་བརྗོད་རང་དབང། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ནས། མ་འོངས་བཀའ་ཁྲིའི་འོས་གཞི། འདིར་དམིགས་བསལ་ཞུ་དགོས་གལ་ཆེན་མ་མཐོང་ཞིང། ཡིན་ནའང་མ་འོངས་བཀའ་ཁྲིར་མེད་དུ་མི་རུང་བའི་ཁྱད་ཆོས་གཉིས་ཚང་དགོས་པ་སྤྱི་ཚོགས་ཀྱི་སྤྱན་སྔར་བསམ་ཞིབ་སླད་རྒྱུན་དུ་ཁྱབ་བསྒྲགས་བྱས་ཚེ་སྐྱོན་ཆ་མི་མངོན་པས་འདིར་ཞུ་འདོད་བྱུང། ཉེ་ཆར་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་མ་འོངས་བཀའ་བློན་ཁྲི་པའི་སྐོར་གྱི་བཀའ་འདྲི་ཞིག་ལ་ལན་གནང་སྐབས། བཀའ་བློན་ཁྲི་པ་བསྐྱར་དུ་འདེམས་ཆེད། བཅའ་ཁྲིམས་བསྐྱར་བཅོས་གཏོང་རྒྱུའི་རེ་བ་ཡོད་པ་མ་རེད། གང་ཡིན་ཟེར་ན། གང་ཟག་ལ་བལྟས་ཏེ། ཁྲིམས་ལ་འགྱུར་བ་བཏང་བ་རེད། བཅའ་ཁྲིམས་ལ་འགྱུར་བ་བཏང་ན་གང་ཟག་གི་དྲི་བ་མེད་པའི་སྐབས་ཤིག་ལ་གཏོང་དགོས་པ་རེད་ཅེས་བཀའ་ལན་གནང། འདི་ལྟ་བུའི་བཀའ་ལན་ནི་མ་འོངས་བོད་ཀྱི་ཕུགས་རྒྱང་རིང་པོའི་ཆབ་སྲིད་ལ་དགོངས་པ་རླབས་ཆེན་བཞེས་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།

༡ མེད་དུ་མི་རུང་བའི་བཀའ་ཁྲིའི་ཤེས་ཡོན་གྱི་ཁྱད་ཆོས།

 

རང་དབང་ཅན་གྱི་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་འདེམས་ཐོན་གནང་སྐབས་དེང་རབས་དང་མཚུངས་པའི་སོ་སོའི་རྒྱལ་ཁབ་འདི་རྒྱལ་སྤྱིའི་ནང་ཤར་བསྐྱོད་ཐུབ་པའི་ཤེས་འཇོན་གཉིས་ལྡན་གྱི་དབུ་ཁྲིད་བྱུང་ན་དེ་ཙམ་གྱིས་འཐུས། བོད་མི་རིགས་འདི་རྒྱ་ནག་གི་བཙན་འོག་ཏུ་ཡོད་པས། འདི་འདྲའི་བཙན་བྱོལ་བཀའ་ཤག་གི་དབུ་ཁྲིད་འདི་བོད་འདི་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་མཉམ་བསྐྱོད་ཐུབ་པའི་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཙམ་མ་ཡིན་པར། རབ་ལ་བོད་ཀྱི་རྒྱལ་རབས་ཀྱི་ལོ་རྒྱུས་ཐོག་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྟ་བུ་མ་བྱུང་ནའང། འདས་པའི་ལོ་ངོ་བརྒྱ་ཕྲག་ཙམ་གྱི་ནང་རྒྱ་བོད་ཀྱི་འཕེལ་རིམ་སྐོར་ཞིབ་ཕྲ་ཤེས་མཁན་གྱི་ཁྱད་ཆོས་ཚང་བའི་གང་ཟག་ཅིག་ངེས་པར་དུ་དགོས། དེའི་ཐོག་ཤེས་འཇོན་གཉིས་ལྡན་བྱུང་ཚེ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གྱུར།

༢ ལྟ་བའི་ཁྱད་ཆོས།

༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོར་ཉིན་མཚན་ལྟོས་མེད་བོད་མི་ས་ཡ་དྲུག་དང་བོད་བསྟན་སྲིད་སླད་ཐུགས་ཁུར་ཆེ་བཞེས་ཀྱི་བརྩེ་བའི་མ་ཡིས་བུ་ལ་གདམས་པ་ལྟར། རྒྱ་བོད་ཀྱི་དཀའ་རྙོག་འདི་བཞིན་འཚེ་བ་མེད་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་དགོངས་གཞི་རླབས་པོ་ཆེ་༡༩༧༤ ལོ་ཙམ་ནས་བཞེས་གནང་མཛད་པའི་ཁར། འོས་བསྡུའི་ལམ་ནས་མང་ཚོགས་ནང་ནས་ཀྱང་དབུ་མའི་ལམ་ལ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ། རྩ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་སྤྱི་འཐུས་ནས་ཀྱང་སྤྱི་མོས་ཀྱི་ཐོག་ནས་༧གོང་ས་མཆོག་ལ་སྐུ་དབང་ཕུལ་བ་ནས། ཕྱི་ལོ་༢༠༠༨ ཕྱི་ཟླ་༡༡ བར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་འོས་བསྡུའི་ལམ་ནས་ཕེབས་པའི་བཀའ་ཁྲི་སྐབས་དང་པོ་དང་གཉིས་པ་བཀའ་ཤག་ནས་འཛེམས་ཟོན་མེད་པར་ཤར་བསྐྱོད་ཐོག་ལམ་སྟོན་མཛད། གནད་དོན་སྣེ་མང་གི་རྐྱེན་པས། ཕྱི་ལོ་༢༠༠༨ ཕྱི་ཟླ་༡༡ ཚེས་༡༧ ནས་༢༢ བར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྡུ་སྐོང་གནང། ཚོགས་ཆེན་ནས་ཀྱང་མང་མོས་ཀྱི་ཐོག་ནས་སླར་ཡང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་ཡོད་པས། མ་འོངས་པའི་བཀའ་བློན་ཁྲི་པ་འདི་ཡང་བོད་མའི་མངོན་འདོད། ༧གོང་ས་མཆོག་གི་དགོངས་གཞི། གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་པ་ཙམ་མ་ཡིན་པ། འདས་པའི་ལོ་ངོ་བཅུ་ཕྲག་ནང་སོ་སོའི་ལྟ་བའམ་ལངས་ཕྱོགས་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས། གོང་བུ་གཅིག་ཏུ་བསྒྲིལ་ཏེ་དཔའ་མཛངས་མཐོན་པོའི་རྒྱབ་སྐྱོར་གྱི་དམ་བཅའ་བརྟན་པོའི་ཁྱད་ཆོས་ཚང་བའི་གང་ཟག་གཅིག་མ་འོངས་བཀའ་ཁྲིར་མེད་དུ་མི་རུང་བའི་ཁྱད་ཆོས་གཉིས་པ་དེ་ཡིན།
གོང་གསལ་གྱི་ཁྱད་ཆོས་འདི་འདྲ་ཚང་བ་ཞིག་བྱུང་ཚེ་གྲྭ་བཙུན། ཕོ་མོ། རྒན་གཞོན་ལ་ཁྱད་པར་མེད་པས། ཕན་ཚུན་ཕྱོགས་སུ་མ་ལྷུང་བར་ལོ་བརྒྱ་ཕྲག་འགའ་ཤས་རྗེས་ལོ་རྒྱུས་ལ་ཕྱི་མིག་བལྟ་སྐབས་ད་ལྟའི་མི་རབས་འདིས་བོད་མི་རིགས་དང། ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་སོམ་ཉི་མེད་པར་ཤར་བསྐྱོད་གནང་བ་ཤོག་བུའི་སྟེང་དུ་འཁོད་ཐུབ་ཚེ་གངས་ལྗོངས་སུ་སྐྱེས་པའི་ལན་པོ་ཡིན་པས། སྒེར་དང། དམིགས་བསལ་གྱི་ཚོགས་སྐྱིད་སོགས་ནས་མ་འོངས་བཀའ་བློན་ཁྲི་པའི་འོས་མིང་འདོན་སྐབས་གོང་གསལ་གྱི་མེད་དུ་མི་རུང་བའི་ཁྱད་ཆོས་གཉིས་ངེས་པར་དུ་ཐུགས་ལ་བཞག་ནས་མིང་འདོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་ཞུ་འདོད་བྱུང།།

Leave a Reply

Your email address will not be published. Required fields are marked *